ཆེ་དགྲ་ལྷས་བོད་ལྗོངས་ཀྱི་སྨན་ཁང་འཛུགས་སྐྲུན་བྱ་ཚུལ་ལ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས9ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་བོད་ལྗོངས་ཀྱི་སྨན་ཁང་འཛུགས་སྐྲུན་བྱ་ཚུལ་ལ་བརྟག་ཞིབ་གནང་བ་རེད།ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དཔལ་སྡིངས་ཡན་ལག་སྨན་ཁང་འཛུགས་སྐྲུན་གྱི་ལས་འགན་87%ལེགས་གྲུབ་ཟིན་པ་དང་འབྲེལ་ཟླ་བ་དེའི་ཚེས་15ཉིན་ལས་འགོ་བསྐྱར་འཛུགས་ཀྱང་བྱ་རྩིས་ཡོད་པ་རེད། ཨར་ལས་བྱ་ཡུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཡོད་སྡེ་ཚན་དང་འཛུགས་སྐྲུན་ཚན་པའི་ལས་དོན་སྙན་ཞུ་གསན་རྗེས། ཆེ་དགྲ་ལྷས་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ཁག་ནན་ཏན་ངང་དོན་འཁྱོལ་བྱས་ཏེ། བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཇུས་གཞི་ལེགས་སྒྲིག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་རྣམ་གྲངས་འཛུགས་སྐྲུན་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་གཉིས་མཐའ་འཁྱོངས་བྱེད་པ། ཚན་རིག་དང་ལུགས་མཐུན་ངང་ཐོན་སྐྱེད་བཀོད་སྒྲིག་བྱེད་པ་བཅས་བྱས་ནས་འཛུགས་སྐྲུན་བཟོ་པའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པར་ཆེ་དགྲ་ལྷས་སྨན་བཅོས་ཀྱི་གོ་རིམ་དང་། རྒྱུན་གཏན་གྱི་སྨན་བཅོས། དེ་བཞིན་སྨན་ཁང་གི་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་ཀྱི་འཕེལ་རིམ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ཏེ་སྨན་དོན་མི་སྣ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་ལག་བསྟར་བྱེད་པ་དང་། བཀའ་མངགས་གལ་ཆེན་བློ་ལ་བརྟན་པོར་ངེས་པ། རང་འགན་ཐེག་པ་ཁུར་ལེན་ཏན་ཏིག་བྱེད་པ། མཐོ་རིམ་སློབ་གླིང་དང་སློབ་གྲྭའི་ཚན་སློབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། དམངས་འཚོ་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞི་ཚུགས་པ། མཐོ་རིམ་གསར་གཏོད་རྣམ་པ་དང་བཀོལ་སྤྱོད་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ། སྨན་བཅོས་བདེ་སྲུང་ཐད་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་བ། སྨན་སློབ་མཐུན་སྦྱོར་གཏིང་ཟབ་བྱེད་པ་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་ང་ཚོར་རྩིས་སྤྲད་པའི་བྱ་གཞག་སྔར་བས་ལེགས་པར་སྒྲུབ་དགོས་པ་དང་། ཁ་གཏད་ཧུར་ཐག་གཅོག་པའི་བྱ་ཐབས་མུ་མཐུད་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཤུགས་ཆུང་དུ་དང་ཚད་གཞི་དམའ་རུ་མི་གཏོང་བའི་འགན་ལེན་བྱེད་དགོས་པ། ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

ཆེ་དགྲ་ལྷ་དང་བཅས་པས་ད་དུང་བསྐྲུན་རྩིས་ཡོད་པའི་རང་སྐྱོང་ལྗོངས་འགོ་ནད་སྨན་ཁང་གི་ས་ཆ་འདེམས་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།