བོད་ལྗོངས་ཀྱིས་ཐབས་མང་མཉམ་དུ་སྤྱད་ནས་བོད་ཡིག་པར་གཞིའི་རིམས་འགོག་ཤེས་བྱ་ཁྱབ་གདལ་གཏོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཏོག་གསར་གློ་ཚད”དང“ཉིང་སྐྱུར་བརྟག་དཔྱད”“དམར་ཕྱིའི་འོད་ཀྱི་ཚ་བ་བརྟག་ཆས”ལ་སོགས་འབྲེལ་ཡོད་ཏོག་གསར་གློ་ཚད་ཀྱི་བོད་ཡིག་གི་ཐ་སྙད་གསར་པ200ལྷག་ཙམ་གངས་ལྗོངས་ས་མཐོར་ཁྱབ། དེ་དང་ཆབས་ཅིག ཐ་སྙད་གསར་པ་དེ་དག་རྒྱང་བསྒྲགས་དང་། བརྙན་ལམ། དྲིལ་བསྒྲགས་གསལ་བརྡ། རིག་རྩལ་ལེ་ཚན་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་དུད་ཚང་ཁྲི་སྟོང་མང་པོར་བརྒྱུད་སྤྲོད་བྱས་ཡོད།

བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་བོད་སྐད་ཡིག་ཚད་ལྡན་ཁྲུའི་ཁྲུའུ་ཀྲང་ཡེ་ཤེས་བཟང་པོས་ངོ་སྤྲོད་བྱས་དོན། གསར་དུ་བསྣན་པའི་བོད་ཡིག་གི་ཐ་སྙད་དེ་དག་རིམས་ནད་ཀྱི་མིང་དང། འགོ་ནད་སྔོན་འགོག་ཚོད་འཛིན། སྲིད་ཇུས་བྱེད་ཐབས། ན་ལུགས་ན་སྟངས། ཡོ་བྱད་ཀྱི་མིང་སོགས་ཁྱབ་ཁོངས་7དང་འབྲེལ་བ་ཡོད་པ་དེས་བོད་ཀྱི་བོད་ཡིག་པར་གཞིའི་རིམས་འགོག་ཤེས་བྱ་ཁྱབ་གདལ་གཏོང་ཆེད་གཞི་འཛིན་ས་དང་ཚད་གཞི་མཁོ་འདོན་བྱས་ཡོད།

རིམས་ནད་ཐོན་རྗེས། བོད་ཀྱིས་སྨན་རྩིས་ཁང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་སྡེ་ཚན་གྱི་དབང་གྲགས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ། གཟུགས་གཞི་དང་། ནམ་དུས། སེམས་ཁམས། བཟའ་བཏུང་། ལུས་རྩལ། རྒྱུན་གཏན་གྱི་འཚོ་བ་སོགས་ཕྱོགས་བཅུའི་ཐད་ནས་འགོ་བཙུགས་ཏེ་བོད་རྒྱ་ཡིག་རིགས་གཉིས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་ཆེད་དོན་བཅར་གླེང་ལེ་ཚན་ཐེངས་10ལྷག་ཙམ་ཕབ་བཟོ་བྱས་པ་དང་། 《བདེ་ཐང་གི་བོད་ལྗོངས》ཀྱི་བརྙན་འཕྲིན་ཆེད་དོན་ལེ་ཚན་ཇུས་འགོད་བྱས་ནས་བཟོས་པས་རིམས་འགོག་གི་ཤེས་བྱ་ཁྱབ་གདལ་ནུས་ལྡན་བྱུང་ཡོད།

སྲོལ་རྒྱུན་གྱི་རྣམ་པའི་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་ཕུད། བོད་ཀྱིས་ད་དུང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དང་སྲོལ་རྒྱུན་གྱི་རིག་གནས་ཟུང་འབྲེལ་བྱས་ཏེ་ཁྱབ་སྤེལ་བྱེད་སྟངས་གསར་པ་ཞིག་གསར་གཏོད་བྱས་ཡོད། ལོ་33ལ་སླེབས་པའི་བློ་བཟང་རྒྱལ་མཚན་གྱིས《གེ་སར》གྱི་གླུ་མ་གཏམ་གྱི་རྣམ་པར་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་བརྩམས་ཆོས་ཤིག་བཟོས་ཡོད།

གཞན་ཡང་། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་སྲོལ་རྒྱུན་གྱི་གླུ་གར《རྒྱལ་ཁའི་ཉི་འོད་ལོངས་སུ་སྤྱོད》དང་། ལྷ་མོའི་འཁྲབ་སྟོན《ཏོག་གསར་གློ་ཚད་འགོག་སྲུང་བྱེད》སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིམས་འགོག་བརྩམས་ཆོས་ཁག་12གཅིག་མཇུག་གཉིས་མཐུད་ངང་གསར་བསྒྲིགས་བྱས་པ་དང་། དེ་དག་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་ལས་སྟེགས་སུ་བསྟན་ཏེ་རྒྱ་ཆེའི་མང་ཚོགས་ཚོར་རིམས་འགོག་རྒྱུན་ཤེས་ཁྱབ་གདལ་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།