ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱས་པར། བོད་ལྗོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་མིག་སྔའི་ལས་དོན་གལ་ཆེ་ཤོས་དང་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་དུ་བརྩིས་ནས། རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་ཁག་གཅིག་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ་དང་ཆབས་ཅིག དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་པ་རེད། 

མིག་སྔའི་བར་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་དང་འབྲེལ་བའི་ཉེས་དོན་གྱོད་གཞི་7ལ་སྔ་རྗེས་སུ་གྱོད་ཐོ་བཀོད་པ་དང་། ཉེས་གསོག་དོགས་ཅན་10བཟུང་བ། རིགས་ཁག་གི་རིམས་ནད་དང་འབྲེལ་བའི་སྲིད་འཛིན་གྱོད་གཞི་134ཞིབ་བཤེར་ཐག་གཅོད་བྱས་པ། ཁ་རས་རྫུན་མ་ཁྲི་5ལྷག་ཙམ་གཞུང་བཞེས་བཏང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་། དཔལ་འབྱོར་གྱི་སྒྲིག་ལམ། སྨན་བཅོས་སྒྲིག་ལམ། ཁྲོམ་རའི་སྒྲིག་ལམ་བཅས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ལ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ཟིལ་གྱིས་མནན་ཏེ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།