བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མུ་མཐུད་དངུལ་དང་དངོས་རྫས་ཞལ་འདེབས་ཕུལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་མ་ཡལ་བར་དུ་རོགས་སྐྱོར་བྱེད་མཚམས་འཇོག་མི་སྲིད། ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་དང་། ཁེ་ལས། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་མུ་མཐུད་དངུལ་དང་དངོས་རྫས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ཏེ། གཅེས་སེམས་དང་འགན་འཁྲི་འཁུར་ཕོད་པའི་ཐོག་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་གནས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་པ་དང་ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་ལས་རྣམ་པར་རྒྱལ་བར་བྱས་པ་རེད།

ཉེ་དུས། ལྗོངས་ཏང་ཨུད་རྩ་འཛུགས་པུས་ཏང་ཡོན་གྱི་འདོད་མོས་ལ་བརྩི་འཇོག་བྱས་ཏེ་རང་རྟོགས་རང་མོས་དང་ནུས་པས་ལྕོགས་ཚོད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་རེད། པུའུ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཟླ་2ཚེས་12ཉིན་དངུལ་སྒོར་141650ཞལ་འདེབས་ཕུལ་བའི་རྨང་གཞིའི་ཐོག ཉེ་དུས། ཏང་ཡོན་264ཡིས་སླར་ཡང་རང་འགུལ་ངང་སྒོར་60366.66ཞལ་འདེབས་ཕུལ་བ་རེད།

གཏེར་ཆུ་སྒམ་8345དང་། ཁ་རས་ཁྲི་1.5 འགོག་སྲུང་གྱོན་གོས་ཆ་ཚང་1000སོགས་ཉེ་ཆར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པས་ཞལ་འདེབས་ཕུལ་བའི་རིན་གོང་སྒོར་ཁྲི་60ལྷག་ཙམ་རི་བའི་རིམས་འགོག་དངོས་ཟོག་ཧུའུ་པེར་དབོར་ཟིན་ལ། མིག་སྔར་ཞལ་འདེབས་ཕུལ་བའི་དངོས་ཟོག་ཁག་གཉིས་པ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

ཟླ་3ཚེས་5ཉིན། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་མི་སྣས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་ཡོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་བུད་མེད་གསར་འགྱུར་ལས་དོན་པ་ཚོར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་འཚམས་འདྲིའི་དངུལ་སྒོར་5000དང་འགོག་སྲུང་ཁ་རས་500སྤྲད་པ་རེད།

དེ་དང་ཆབས་ཅིག་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་ཀྱང་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་དེ་གོང་མི་459ཡིས་དངུལ་སྒོར་ཁྲི་18.9ཞལ་འདེབས་ཕུལ་བའི་རྨང་གཞིའི་ཐོག ཏང་ཡོན་312ཀྱིས་སླར་ཡང་རང་མོས་ངང་ཞལ་འདེབས་སྒོར་ཁྲི་3.8ཕུལ་ནས་དཔའ་ངར་ཆེན་པོས་འགན་འཁྲི་འཁུར་ཕོད་པ་དང་། འགན་འཁྲི་ལྕི་པོ་འཁུར་ཕོད་པ། མདུན་ཕྱོགས་སུ་སྐྱོད་ཕོད་པ་བཅས་ཀྱི་ཏང་གི་གསར་འགྱུར་ལས་དོན་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་སྒྲུབ་པའི་ཆོད་སེམས་གང་ལེགས་མངོན་པར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།