བོད་ལྗོངས་ཀྱིས་དྲ་ཐོག་གི་ལས་ཞུགས་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྗོངས་ཏང་ཨུའི་རྒྱུན་ཨུ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུའི་ཚོམས་ཆེན་དུ་ཕེབས་ནས།  རིམས་ནད་འགོག་ཟོན་བྱེད་རིང་ལས་ཞུགས་ལས་གནས་དྲ་ཐོག་ནས་ཁྱབ་བསྒྲགས་བྱས་ཚུལ་དང་ལས་ཞུགས་ཞབས་ཞུའི་སྟེགས་བུར་བརྟག་ཞིབ་གནང་བ་མ་ཟད།  བཞུགས་མོལ་ཚོགས་འདུ་འཚོགས་ནས་དྲ་ཐོག་གི་གདན་ཞུའི་བྱེད་སྒོའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་ཅང་ཅེ་ནས།  ཚན་པ་ཁག་དང་གྲོང་ཁྱེར(ས་ཁུལ)ཁག་གིས་ད་ལྟའི་རིམས་ནད་འགོག་ཟོན་གྱི་དོན་དངོས་ལ་གཞིགས་ཏེ་དྲ་ཐོག་གི་གདན་ཞུ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ་དང་།  དྲ་ཐོག་གི་ལས་ཞུགས་ཞབས་ཞུར་སྐུལ་འདེད་ཤུགས་ཆེ་བཏང་ནས་སློབ་མའི་ཆེད་ལས་དང་ལས་འཚོལ་གྱི་འདུན་པ་དེ་ཁེ་ལས་ཀྱི་ལས་གནས་དང་གླ་ཕོགས་ཀྱི་ཆ་རྐྱེན་དབར་སྦྲེལ་མཐུད་ཡག་པོ་ཐུབ་པ་བྱེད་པ་དང་།  ལས་ཀ་འཚོལ་མཁན་དེ་བས་མང་བས་དྲ་ཐོག་ནས་ལས་ཀ་འཚོལ་བ་དང་མི་བེད་སྤྱོད་བྱེད་མཁན་ཚན་པས་ལས་གནས་གོང་ཞུ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་།  སློབ་གསོ་དང་མི་སྤྱི་སོགས་ཚན་པ་ཁག་ལ་གཅིག་འགྱུར་འཆར་འགོད་བྱས་ཏེ་འབྲེལ་གཏུག་གི་ཐབས་ལམ་གཏོད་པ་དང་།  ཚན་པའི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ།  ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཐུབ་པ།  སྤུས་ལེགས་ཀྱི་ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས།  སློབ་ཆེན་སློབ་ཐོན་སློབ་མར་སྤུས་ཚད་ལེགས་པའི་ལས་ཞུགས་ལས་གནས་རྒྱ་ཁྱབ་ངང་བསྡུ་རུབ་བྱེད་དགོས་པ།  ཇུས་འདོན་གནད་འཕིགས་དང་བསྡོམས་རྩིས་གནད་འཕིགས།  འོས་སྦྱོར་གནད་འཕིགས་བཅས་བྱས་ཏེ་དྲ་ཐོག་གི་གདན་ཞུའི་བྱེད་སྒོ་གང་ལེགས་གཉེར་ནས།  རྒྱ་ཆེའི་སློབ་ཆེན་སློབ་ཐོན་སློབ་མར་གནད་འཕིགས་ཅན་གྱི་ལས་ཞུགས་ཞབས་ཞུ་སྒྲུབ་སྟེ།  རིམས་ནད་འགོག་ཟོན་བྱེད་རིང་རང་ལྗོངས་ཁེ་ལས་ཀྱིས་ལས་ཀ་བསྐྱར་ཚུགས་བྱས་རྗེས་ལས་མི་མི་འདང་བའི་དཀའ་གནད་སེལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།