གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དུས་རབས་གསར་པའི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱ་ཆེད། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་ཏེ་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་ལ་སྐུལ་འདེད་ཆེན་པོ་བཏང་། 2020ལོར་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིན་གྱིས་གྲོང་ཁྱེར་དེར་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་ལས་འགན་མུའུ་ཁྲི23རྩིས་སྤྲོད་བྱས་པ་དང་། རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིན་གྱིས་སྤྲད་པའི་ལས་འགན་ལྟར། གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་སོ་སོས་མིག་སྔར་དུས་འགོའི་ལས་དོན་དག་སྤེལ་ནས་ལོ་འདིའི་ནང་ལས་འགོ་ཚུགས་རྒྱུར་ཁག་ཐེག་བྱས་པ་རེད། 

དེ་དང་ཆབས་ཅིག2019ལོར་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཚད་གཞི་མཐོ་བའི་ཞིང་སའི་ལས་འགན་དམིགས་ཚད་མུའུ་ཁྲི21.17ཟིན་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར5.18བཏང་སྟེ། མ་དངུལ་རྫོང་དང་ཆུས་སོ་སོར་རྩིས་སྤྲོད་བྱས་ཡོད། མིག་སྔར་རྫོང་དང་ཆུས་སོ་སོས་ཞིང་ལས་དུས་ཚོད་དམ་འཛིན་བྱས་ནས་འཛུགས་སྐྲུན་ལས་འགན་སྤུས་འབོར་གཉིས་ལྡན་ངང་དུས་བཀག་ལྟར་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱས། 

 ཚད་གཞི་མཐོ་བའི་ཞིང་སའི་རྣམ་གྲངས་དེ་ལྗོངས་ཡོངས་ཀྱི་ཞིང་ལས་དངུལ་གཏོང་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ཆ་ནས། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཚད་མཐོའི་མཐོང་ཆེན་དང་གཅིག་གྱུར་སྐུལ་འདེད་བཏང་ནས“འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དང་། རྣམ་གྲངས་ཀྱི་ཁྲིམས་ཚན་ལམ་ལུགས། དམིགས་འགུགས་དང་འོས་འགན་ལེན་པའི་ལམ་ལུགས། ལས་གཞིའི་ལྟ་སྐུལ་དོ་དམ་ལམ་ལུགས། གན་རྒྱ་དོ་དམ་ལམ་ལུགས”བཅས་རྣམ་གྲངས་འཛུགས་སྐྲུན་གྱི་བླང་བྱ་དངོས་འབེབས་ནན་ཏན་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ས་གནས་རྒྱུ་ཆ་འདེམས་རྒྱུ་རྒྱུན་བསྐྱང་ཏེ། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་དེ་མིན་ཞིང་ལས་ཐོན་རྫས་གལ་ཆེན་སྲུང་སྐྱོང་ཁུལ། ལ་ལྷོ་དང་ཤངས་ཆུ་སོགས་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་བཅས་གཙོ་གནད་དུ་བཀོད་སྒྲིག་བྱས་པ་རེད། 

རྒྱུས་ལོན་པ་ལྟར་ན། ད་ལོར་ཀྲུང་དབྱང་གི“ཡིག་ཆ་ཨང་དང་པོ”ལས་འབྲུ་རིགས་ཐོན་སྐྱེད་ལ་བརྟན་བརླིང་དམིགས་སུ་འཛིན་དགོས་པ་དང་། སྲིད་ཇུས་དང་། རྒྱ་ཁྱོན། ཐོན་ཚད་བཅས་བརྟན་པོ་ཡོང་བར་བྱས་ནས་སྲིད་ཇུས་ཀྱི་བརྡ་རྟགས་མངོན་གསལ་བཏང་ཡོད་པ་རེད། ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལག་བསྟར་བྱ་རྒྱུ་ནི་འབྲུ་རིགས་ཐོན་སྐྱེད་བརྟན་རླིང་དང་། རོང་འབྲོག་པའི་ཡོང་འབབ་ཇེ་མཐོར་གཏོང་བ། འབྲུ་རིགས་ཐོན་སྐྱེད་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་དང་དངོས་ཡོད་དོན་སྙིང་གལ་ཆེན་ལྡན་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།