བོད་ལྗོངས་ཀྱི་ཁྲལ་དོན་ཚན་པས་ཁྲལ་འཇལ་གྱི་རྣམ་པ་གསར་པ་བཏོན་ཏེ་ལས་ཀ་མཐུད་འགོ་འཛུགས་རྒྱུར་རམ་འདེགས་བྱས།

W020200307358121928539.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་སྤྱི་ཟླ3པའི་ཚེས1ཉིན་ནས་བཟུང་ཁྲལ་གཉེར་སྤ་སེ་དྲ་ཐོག་ནས་རེ་ཞུ་དང་ལག་ཐོག་ཏུ་སྐྱེལ་བའི་དམངས་ཕན་ཁྲལ་འཇལ་གྱི་རྣམ་པ་གསར་པ་བཏོན་ནས།  ཁྲལ་འཇལ་མཁན་ཕན་ཚུན་འབྲེལ་གཏུག་མེད་པའི་རྣམ་པ་གསར་པའི་ལས་སྒོ་གཉེར་རྒྱུར་ཁྲིད་སྟོན་བྱས་ཏེ་རེག་ཐུག་མེད་པའི་ཁྲལ་གཉེར་ཞབས་ཞུ་སྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ།  ཁྲལ་འཇལ་མཁན་གྱི་སྤ་སེ་སྤྱོད་པའི་དགོས་མཁོ་ཐག་གཅོད་ནུས་ལྡན་བྱས་ནས་ཁེ་ལས་ཀྱི་ལས་འགོ་མཐུད་ཚུགས་བྱ་རྒྱུར་རོགས་སྐྱོར་བྱས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་ལྟ་བོད་ལྗོངས་ཁྲལ་དོན་ཚན་པས་སྦྲག་སྲིད་བརྒྱུད་ནས་སྤ་སེ་བསྐུར་བའི་ལས་སྒོའི་འཛིན་ཤོག་གི་རིགས་ནང་གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་ཤོག་དང་།  གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་དཀྱུས་མ།  འཁོར་རིགས་ཕྱིར་ཚོང་གི་གཅིག་གྱུར་འཛིན་ཤོག  འཁོར་རིག་རྙིང་པའི་ཕྱིར་ཚོང་གི་གཅིག་གྱུར་འཛིན་ཤོག  སྤྱིར་བཏང་གི་འཛིན་ཤོག  བཅད་གྲངས་ཀྱི་འཛིན་ཤོག་སོགས་ཚུད་ཡོད།  འཛིན་ཤོག་ལེན་རྒྱུའི་རེ་འདུན་ཞུ་མཁན་ཁྲལ་འཇལ་མཁན་གྱིས་བོད་རང་སྐྱོང་ལྗོངས་གློག་རྡུལ་ཁྲལ་དོན་ཅུས་ཀྱི་ངས་ཁྲལ་འཇལ་ཞེས་པའི་མ་ལག་བརྒྱུད་དེ་འཛིན་ཤོག་ཅེས་པའི་ནང་འཛུལ་ནས་འཛིན་ཤོག་ལེན་སྤྱོད་ཞེས་པའི་བརྡ་དཔྱད་བརྒྱུད་རེ་ཞུ་བྱེད་ཆོག་པ་དང་།   དེ་རྗེས་སྦྲག་ཐོག་དངོས་ཟོག་ལེན་རྒྱུ་གཏན་འཁེལ་བྱས་རྗེས་རང་ཉིད་ཀྱི་སྡོད་གནས་དང་འབྲེལ་གཏུག་ཁ་པར་བཞག་རྗེས་ཕྱིར་ཐོན་མི་དགོས་པར་སྤ་སེ་ལེན་ཐུབ་ཀྱི་ཡོད།

བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་དངོས་ཟོག་དང་ངལ་ནུས་དཔྱ་ཁྲལ་ཁྲུའི་ཁྲུའུ་ཀྲང་ཀྲའོ་ལུང་གིས།  རིམས་ནད་ཐོན་རིང་ང་ཚོས་དུས་ཚོད་དམ་འཛིན་བྱས་ཏེ་སྤ་སེ་དྲ་ཐོག་ནས་རེ་ཞུ་དང་ལག་ཐོག་ཏུ་སྐྱེལ་བའི་ལས་ཀའི་ཇུས་གཞི་འཆར་འགོད་ཞིབ་འཇུག་བྱས་ནས་བཟོས་པ་མ་ཟད།  ད་དུང་ཧུར་བརྩོན་ཆེན་པོས་སྦྲག་སྲིད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་དང་སྤ་སེ་སྐྱེལ་བའི་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ཞིབ་ཕྲ་གཏན་འཁེལ་ཧུར་ཐག་བྱས་ནས་བཀོལ་སྤྱོད་ཚོད་ལྟ་ཡང་ཡང་བྱས་རྗེས།  བརྒྱུད་རིམ་སྟབས་བདེ་ལ་སྐྱོན་བྲལ་མྱུར་མགྱོགས་ཡོང་རྒྱུ་འགན་ལེན་བྱས་ཡོད།   སྤྱི་ཟླ3པའི་ཚེས5ཉིན་བར་ལྗོངས་ཡོངས་སུ་དྲ་ཐོག་ནས་རེ་ཞུ་བྱས་རྗེས་ལག་ཐོག་ཏུ་བསྐྱལ་བའི་སྤ་སེ6700ལྷག་ཟིན་ཡོད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།