བོད་ལྗོངས་ཀྱིས་རིམས་ནད་སྔོན་འགོག་དང་ལས་འགོ་བསྐྱར་འཛུགས་ལ་དམ་འཛིན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། བོད་རང་སྐྱོང་ལྗོངས་ཀྱིས་ཕན་ནུས་ཆེ་ལ་དམིགས་སའི་རང་བཞིན་ལྡན་པའི་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ལས་འགོ་བསྐྱར་འཛུགས་ལ་དམ་འཛིན་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཟླ་3ཚེས་1ཉིན་བར་བོད་རང་སྐྱོང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཕྱེད་ཀ་ལྷག་ཙམ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་འགོ་ཚུགས་ཡོད།

རིམས་ནད་ཐོན་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་ཀུན་སེམས་གཅིག་སྒྲིལ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ནུས་ལྡན་སྤྱད་པས་རིམས་འགོག་གི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད། ཟླ་3ཚེས་1ཉིན་གྱི་ཆུ་ཚོད་24ཡི་བར་བོད་དུ་ཉིན་32བསྟུད་མར་གཏན་འཁེལ་བའི་ནད་དཔེ་དང་དོགས་ཡོད་ནད་དཔེ་གཅིག་ཀྱང་ཐོན་མེད།

ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ཐད། བོད་རང་སྐྱོང་ལྗོངས་ཀྱིས་བཀྲམ་པའི《ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་བཅག་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་དང་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བརྟན་པོ་རྒྱུན་འཁྱོངས་ཡོང་རྒྱུའི་སྲིད་ཇུས་དང་བྱ་ཐབས་འགའ་ཞིག་སྐོར་གྱི་བརྡ་ཐོའི》ནང་གཏན་འབེབས་ཁ་གསལ་བྱས་ཡོད་པ་སྟེ། རིམས་ནད་ཐོན་རིང་གནས་སྐབས་ཚོང་གཉེར་བྱེད་མཚམས་བཞག་པའི་སྡེབ་ཚོང་དང་སིལ་ཚོང་དང་། ཞག་སྡོད་བཟའ་བཏུང་།  ཟོག་འགྲེམས་སྐྱེལ་འདྲེན། རིག་གནས་ཡུལ་སྐོར་སོགས་ལས་རིགས་གཉེར་མཁན་ཁེ་ལས་དང་ལས་འགོ་བསྐྱར་འཛུགས་ཡག་པོ་མ་ཐུབ་པའི་བཟོ་ལས་ཁེ་ལས་ལ་ཕྲན་ཚེགས་ཁེ་ལས་ཀྱི་ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་དགོས་པའི་བླང་བྱ་བཏོན་ཡོད། དམིགས་བསལ་དཀའ་ངལ་ཡོད་པ་དང་དུས་ཐོག་ཏུ་དཔྱ་ཁྲལ་འཇལ་མ་ཐུབ་པའི་ཁེ་ལས་ཀྱིས་ཁྲལ་དོན་གཙོ་གཉེར་སྡེ་ཚན་ལ་ཁྲིམས་བཞིན་དཔྱ་ཁྲལ་འཇལ་རྒྱུ་ནར་འགྱངས་བྱ་རྒྱུའི་རེ་ཞུ་བྱེད་དགོས། དུས་ཚོད་རིང་ཤོས་ཟླ་བ་གསུམ་ལས་བརྒལ་ཆོག་གི་མེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་འགན་ལེན་དངོས་ཟོག་ཐོན་སྐྱེད་ཁེ་ལས་ཀྱིས་ཐོན་ནུས་རྒྱ་ཆེར་གཏོང་ཆེད་གསར་དུ་ཉོ་སྒྲུབ་བྱས་པའི་འབྲེལ་ཡོད་སྒྲིག་ཆས་ཐེངས་གཅིག་རང་བཞིན་ལ་དུས་ཐེངས་དེའི་མ་གནས་ཀྱི་གྲོན་དངུལ་ནང་བཅུག་ནས་ཁེ་ལས་ཀྱི་ཐོབ་ཁྲལ་ནས་འཐེན་ཆོག་གི་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཀྱིས་ད་དུང་རིམས་ནད་ཀྱི་ཤུགས་རྐྱེན་ཆེ་ཙམ་ཕོག་པའི་སྡེབ་ཚོང་དང་སིལ་ཚོང་དང་། ཞག་སྡོད་བཟའ་བཏུང་། ཟོག་འགྲེམས་སྐྱེལ་འདྲེན། རིག་གནས་ཡུལ་སྐོར་སོགས་ལས་རིགས་ནས་རྨོངས་ཚོད་ངང་དངུལ་བུན་འཐེན་པ་དང་། དངུལ་བུན་གཡར་མཚམས་འཇོག་པ། དངུལ་བུན་བཀག་འཇོག་བཅས་བྱེད་མི་རུང་བ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ཁེ་ལས་ཀྱིས་དུས་བཀག་ལྟར་དངུལ་བུན་འཇལ་མ་ཐུབ་ཚེ་དེར་དངུལ་བུན་འཇལ་བའི་དུས་ཚོད་ནར་འགྱངས་སམ་མུ་མཐུད་དངུལ་བུན་གཡར་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད།

ཞབས་ཞུ་འགན་ལེན་ཡག་པོ་བྱེད་པའི་ཐད། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་གིས་ཁོངས་གཏོགས་ས་ཆའི་འགན་འཁྲི་ཡག་པོ་འཁུར་བ་དང་། སྡེ་ཚན་ཁག་དང་ཚན་པ་ཁག་གིས་ལས་རིགས་མཛུབ་ཁྲིད་ཀྱི་དོ་དམ་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ། ཁེ་ལས་ཁག་གིས་བྱེད་པོའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ་བཅས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་འགན་ལེན་ཇུས་གཞི་ཞིབ་ཚགས་སུ་བཏང་ཐོག་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྔོན་འགྲོའི་འོག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པར་བྱེད་དགོས། ཆ་རྐྱེན་ཡོད་པ་དང་། ཐོན་སྐྱེད་རྒྱ་སྐྱེད་ཀྱི་འདོད་འདུན་ཡོད་པ། རིམས་འགོག་དངོས་ཟོག་དང་གསར་དུ་སྐྲུན་པའི་སྨན་སྤྱོད་འགོག་སྲུང་གི་དངོས་ཟོག་ཐོན་སྐྱེད་གཞན་སྒྱུར་ཁེ་ལས་ལ་དམིགས་བསལ་བྱ་བ་དམིགས་བསལ་སྒྲུབ་པ་དང་། འཕྲལ་དོན་མྱུར་སྒྲུབ། ཞིབ་མཆན་མྱུར་འགོད་བཅས་ཀྱིས་རྣམ་གྲངས་གང་མགྱོགས་འཛུགས་སྐྲུན་ཐུབ་པར་རམ་འདེགས་བྱེད་དགོས།

རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི“དམངས་འཚོའི་རྣམ་གྲངས་ཆེན་པོ་གསུམ”དང་། ལྷ་ས་ནས་གཞིས་རྩེ་བར་གྱི་གནམ་ཐང་གི་རིམ་མཐོའི་གཞུང་ལམ། ནག་ཆུ་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ། ལྷ་ཉིང་ལྕགས་ལམ། མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་སོགས་གཙོ་གནད་རྣམ་གྲངས་ལ་དམ་འཛིན་ཡག་པོ་བྱེད་དགོས་ལུགས་གསལ་སྟོན་བྱས་ཡོད། ཐབས་བརྒྱ་ཇུས་སྟོང་གིས་ཕྱོགས་བསྡུས་འགྲིམ་འགྲུལ་དང་གཙོ་གནད་དམངས་འཚོའི་ཁྱབ་ཁོངས་ཀྱི་ལས་གྲྭའི་རྣམ་གྲངས་གལ་ཆེན་དུས་ཐོག་ཏུ་ལས་འགོ་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། མིག་སྔར་བོད་ཀྱིས་འདི་ལོ་འཛུགས་སྐྲུན་བྱ་རྩིས་ཡོད་པའི་རྣམ་གྲངས་184ལས་རྣམ་གྲངས་མང་པོ་ཞིག་ལས་འགོ་བསྐྱར་འཛུགས་བྱས་ཡོད་པ་རེད།

དཔྱིད་དུས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་པའི་ཐད། བྱ་ཐབས་བཏོན་ཏེ་ནས་ཀྱི་འབབ་འཕར་ཡོང་བ་དང་འབྲི་གཡག་བཤས་གཏོང་གི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་བཏང་ཡོད། ས་ཁུལ་ཁག་གིས་དཔྱིད་རྨོད་དཔྱིད་འདེབས་ཀྱི་ཐོན་སྐྱེད་བཀོད་སྒྲིག་ཡག་པོ་དང་། དགུན་སྒྲོལ་ལོ་ཏོག་གི་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རྒྱུ་ཆ་ཐོན་སྐྱེད་མཁོ་སྤྲོད་ཡག་པོ་ཐུབ་པ་བཅས་བྱས་ཡོད། “ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁུར་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ནས་སྔོ་ཚལ་ཁྲོམ་རར་མཁོ་སྤྲོད་བརྟན་པོ་འགན་ལེན་བྱས་ཡོད། ད་དུང་སྲིད་ཇུས་དང་བྱ་ཐབས་བཏོན་ནས་ཚན་རྩལ་མི་སྣ་འཐབ་ས་དང་པོར་བསྐྱོད་དེ་ཐོན་སྐྱེད་གཉེར་སྐྱོང་ལ་ཞབས་འདེགས་ཞུ་བར་སྐུལ་ལྕག་བྱས་ཡོད། ད་ཆ་བོད་ཀྱི་ས་ཁུལ་ཁག་ཏུ་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ཀ་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།