བོད་ལྗོངས་ཀྱིས་རིམས་འགོག་མ་དངུལ་དང་དངོས་ཟོག་སྒོར་དུང་ཕྱུར་2ལྷག་ཙམ་གྱི་ཞལ་ འདེབས་དང་ལེན་བྱས་ཡོད།

༄༅།།བོད་ལྗོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་མ་དངུལ་དང་དངོས་ཟོག་སྒོར་དུང་ཕྱུར་2ལྷག་ཙམ་གྱི་ཞལ་
འདེབས་དང་ལེན་བྱས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་3ཚེས་3ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱིས“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”སྙིང་སྟོབས་དར་སྤེལ་གང་ལེགས་བཏང་ནས་དངུལ་དང་དངོས་པོ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད།
     ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་མི་སྣ། མི་རིགས་ཁག་གི་མང་ཚོགས། ལས་བྲལ་དང་ལས་འཁྱུར་ངལ་གསོ་མི་སྣ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མི་རིགས་ཆོས་ལུགས་མི་སྣ། སྤྱི་ཚོགས་ཚོགས་པ་སོགས་ཀྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་འགོག་རྒོལ་བྱས་པ་དང་ཆབས་ཅིག“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར”བྱེད་པའི་སྙིང་སྟོབས་དར་སྤེལ་གང་ལེགས་འདོན་སྤེལ་བྱས་ཡོད་ཅིང་། ཧུར་ཐག་ཆེན་པོས་ཧུའུ་པེ་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་རིམས་ནད་འགོག་བཅོས་ཐད་ལ་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། གཅེས་སེམས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས། སྤྱི་ཚོགས་ཡོངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་རིམས་ནད་འགོག་བཅོས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་མངོན་པར་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་ནི་དཀའ་ཉེན་ལ་མི་སྐྲག་པ་དང་ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པའི་མི་སེམས་འགུལ་བའི་ལེའུ་བརྩམས་ཡོད།
     བོད་རང་སྐྱོང་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལས་དོན་འགོ་ཁྲིད་ཚོ་ཆུང་དངོས་ཟོག་འགན་སྲུང་ཚོ་ཆུང་གི་ཚོགས་གཙོོ་གཞོན་པ། བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་སྐལ་བཟང་གིས། བོད་རང་སྐྱོང་ལྗོངས་དངོས་ཟོག་འགན་སྲུང་ཚོ་ཆུང་གིས་རྒྱ་ཆེན་པོས་ལྗོངས་ཕྱི་ནང་གི་རིམ་པ་ཁག་གི་རྩ་འཛུགས་དང་། སྤྱི་ཚོགས་ཚོགས་པ། ཐོན་སྐྱེད་ཁེ་ལས་བཅས་སྐུལ་སློང་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་གྲབས་གསོག་བྱས་པ་དང་། ཟླ་3ཚེས་1ཉིན་བར། ཉོ་བསྒྲུབས་དང་ཞལ་འདེབས་དང་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། ཁ་རས་སྣ་ཚོགས་ཁྲི་107ཙམ་དང་། འགོག་སྲུང་གྱོན་ཆས་ཁྲི་1.1ལྷག  དམར་ཕྱིའི་ཚ་ནུས་ཀྱི་དྲོད་འཇལ་དཔྱད་ཆས་34 ལག་ཐོགས་དམར་ཕྱིའི་དྲོད་ཚད་འཇལ་ཚད་3700ཙམ། མིག་སྲུང་མིག་ཤེལ་2300ཙམ། གཅིག་སྤྱོད་ལག་ཤུབས་ཁྲི་21ཙམ། སྨན་སྤྱོད་ཆང་བཅུད་ཧྲེང་ཁྲི་1.7ལ་ཉེ་བ། དུག་སེལ་གཤེར་ཁུ་ཧྲེང་ཁྲི་3.3ལྷག་གྲབས་གསོག་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་འགན་ལེན་གང་ཐུབ་བྱས་ཡོད་པ་བསྟན།
     ཟླ་3ཚེས་1ཉིན་བར། བོད་རང་སྐྱོང་ལྗོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞལ་འདེབས་མ་དངུལ་དང་དངོས་ཟོག་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་ཁྲི་22309.9དང་ལེན་བྱས་ཡོད་པ་དང་། དེའི་ཁྲོད་དུ། བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་ཞལ་འདེབས་དངོས་ཟོག་དང་དངུལ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་1968.0798དང་། བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་ཞལ་འདེབས་དངོས་ཟོག་དང་དངུལ་སྒོར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་917.8363དང་། བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཐེབས་རྩ་ལྷན་ཚོགས་ཀྱིས་ཞལ་འདེབས་དངུལ་སྒོར་ཁྲི་576.0077དང་། བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཁག་གི་གཞུང་དོན་ཐིང་ཅུས་ཀྱིས་ཞལ་འདེབས་དངོས་ཟོག་དང་དངུལ་སྒོར་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྲི་2953.8609 བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་བདུན་(གྲོང་ཁྱེར)གྱིས་དངོས་ཟོག་དང་དངུལ་ཞལ་འདེབས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་15894.12བཅས་བསྡུ་ལེན་བྱས་པ་རེད། ཞལ་འདེབས་དངོས་ཟོག་དང་དངུལ་ཚང་མའི་ནང་། ཁ་ཕྱོགས་གཏན་འཁེལ་བྱས་པའི་ལྗོངས་ནང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཞལ་འདེབས་དངུལ་དང་དངོས་ཟོག་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་ཁྲི་12474.81196ཟིན་པ་དང་། ཁ་ཕྱོགས་གཏན་འཁེལ་བྱས་པའི་ལྗོངས་ཕྱིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞལ་འདེབས་དངུལ་དང་དངོས་པོ་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་ཁྲི་9835.094033བཅས་བརྒྱབ་ཡོད། མིག་སྔར་ཞལ་འདེབས་བརྒྱབ་པའི་དངོས་ཟོག་ཚང་མ་བགོ་བཤའི་ཇུས་གཞི་ཞིབ་ཕྲ་བཟོས་པ་དང་། འབྲེལ་ཡོད་བླང་བྱ་གཞིར་བཟུང་ཆོག་མཆན་སྤྲད་ནས་སྤྲོད་ཀྱི་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།