བོད་ལྗོངས་ཀྱི་ས་གནས་ཁག་ཏུ་ལས་འགོ་བསྐྱར་འཛུགས་ཀྱི་བོགས་བླངས་གནམ་གྲུ་འབྱོར་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་རམ་འདེགས་བྱས།

W020200228662678193490.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས1ཉིན་གྱི་ཆུ་ཚོད13དང་སྐར་མ46སྟེང་། ས་བབ་མཐོ་ཚད་སྨི3800ཡོད་པའི་གཞིས་རྩེ་ཞི་བདེ་གནམ་ཐང་དུ་ཞི་ཨན་ནས་འཕུར་ཡོང་བའི་བོགས་བླངས་གནམ་གྲུ་ཞིག་འབྱོར། དེ་ནི་རང་རྒྱལ་གྱི་ཤར་བྱང་ནས་ནུབ་བྱང་དུ་ཡོང་བའི་འགྲུལ་པ་བོད་ལྗོངས་མཁའ་འགྲུལ་གྱི་གནམ་གྲུTV6023ནང་བསྡད་དེ་བདེ་འཇགས་ངང་དམིགས་སར་འབྱོར་བ་རེད།

ཁ་ཐུམ་བརྒྱབ་པའི་འགྲུལ་པ་དེ་དག་ནི་ཅི་ལིན་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཡིན། ཅི་ལིན་གྱི་བོད་སྐྱོར་ལས་བྱེད་པ་ཞིག་གིས་ཁོང་ཚོ་ཅི་ལིན་ནས་སྔོན་ལ་ཞི་ཨན་དུ་འཛོམས་པ་དང་། དེ་ནས་སླར་ཡང་བོགས་བླངས་གནམ་གྲུར་བསྡད་དེ་ཐོན་པ་ཡིན་ཞེས་བརྗོད།  བོད་ལྗོངས་མཁའ་འགྲུལ་ལྷ་ས་ལས་གཉེར་པུའུ་ཡིས་ཐེངས་འདིའི་ལས་འགོ་བསྐྱར་འཛུགས་ཀྱི་བོགས་བླངས་གནམ་གྲུ་འགན་ལེན་གྱི་ལས་འགན་འཁུར་བ་དང་། བོད་སྐྱོར་ལས་བྱེད་པར་ཞི་ཨན་དུ་ཞག་སྡོད་ཀྱི་མགྲོན་ཁང་དང་། བཟའ་བཏུང་། རླངས་འཁོར་གྱི་སྐྱེལ་བསུ་སོགས་བཀོད་སྒྲིག་བྱས་པ་རེད།

ནུབ་བྱང་ས་ཁུལ་ནས་འཕུར་ཡོང་བའི་བོགས་བླངས་གནམ་གྲུ་གཞིས་རྩེ་གྲོང་ཁྱེར་དུ་འབྱོར་བ་ཕུད། ཉིན་དེའི་དུས་ཚོད་སྔ་ཙམ་དུ་ལྷོ་ནུབ་ས་ཁུལ་ནས་འཕུར་ཡོང་བའི་བོགས་བླངས་གནམ་གྲུ་ཞིག་ཀྱང་བོད་ལྗོངས་ཤར་ལྷོའི་ཉིང་ཁྲི་གྲོང་ཁྱེར་དུ་འབྱོར་ཡོད། ཚེས1ཉིན་གྱི་ཆུ་ཚོད9དང་སྐར་མ15སྟེང་གློག་ཤུགས་འཛུགས་སྐྲུན་པ105སྡོད་པའི་བོད་ལྗོངས་མཁའ་འགྲུལ་གྱི་གནམ་གྲུTV6031ཁྲིན་ཏུའུ་ཧྲོང་ལིའུ་གནམ་ཐང་ནས་ཉིང་ཁྲི་སྨན་གླིང་གནམ་ཐང་དུ་བདེ་འཇགས་ངང་འབྱོར་ཡོད་པ་རེད།

W020200228662678964472.png

འགྲུལ་པ་དེ་དག་ནི་ཀྲེ་ཅང་ཞིང་ཆེན་གློག་སྐྱེལ་གློག་སྒྱུར་ལས་གཞི་ཚད་ཡོད་ཀུང་སིའི་འཐབ་ས་དང་པོའི་བཟོ་པ་ཡིན་པ་དང་། བོད་ལྗོངས་སུ“ཆུས་གསུམ་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་སོགས་ཀྱི་ལས་གཞིའི་རྣམ་གྲངས་ཀྱི་ལས་འགན་འཁུར་བཞིན་ཡོད། “དཔྱིད་གསར་དུས་ཆེན་རིང་མི50ཙམ་ཉིང་ཁྲིར་ལས་སྣོན་བྱས་ནས་བསྡད་པ་ཕུད། བཟོ་པ་གཞན་རྣམས་ཟླ1པའི་ཚེས29ཉིན་བོད་དུ་ཡོང་ནས་ལས་ཀ་བསྐྱར་འཛུགས་བྱ་རྩིས་ཡོད། འོན་ཀྱང་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་བོད་སྐྱོད་གནམ་གྲུ་དང་མེ་འཁོར་གྱི་ཐེངས་གྲངས་ཉུང་དུ་བཏང་ཡོད་ལ། སྒེར་འཁོར་བཏང་ནས་བོད་དུ་ཡོང་བར་ལམ་ཐག་རིང་ལ་འགོ་ནད་ཕོག་པའི་ཉེན་ཁ་ཆེ་བར་བརྟེན། ང་ཚོས་མཐར་གནམ་གྲུར་བསྡད་དེ་བོད་དུ་ཡོང་རྒྱུའི་གདམ་ག་བྱས་པ་ཡིན”ཞེས་ཀྲེ་ཅང་ཞིང་ཆེན་གློག་སྐྱེལ་གློག་སྒྱུར་ལས་གཞི་ཚད་ཡོད་ཀུང་སིའི་འགོ་འཛིན་པ་ཡུས་ཅ་ཅིང་གིས་གསར་འགོད་པར་བཤད།

ས་མཐོའི་འཛུགས་སྐྲུན་པ་བདེ་བླག་ངང་བོད་དུ་ཕྱིར་ལོག་ནས་ལས་གནས་སུ་བསྐྱོད་ཐུབ་ཆེད། བོད་ལྗོངས་མཁའ་འགྲུལ་གཉེར་ཚོང་ཨུ་ལྷན་གྱིས་མཁའ་དབང་རེ་འདུན་མཐུན་སྦྱོར་དང་། འདྲེན་ཤུགས་སྦྲེལ་མཐུད། ཡིག་ཆ་ཕུལ་ནས་བཀོད་སྒྲིག་སོགས་ཀྱི་ལས་དོན་བསྒྲུབས་པ་མ་ཟད། གནམ་གྲུTV6031འཕར་མ་གཏོང་རྒྱུའི་རེ་འདུན་ཞུས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ནུས་ཆེའི་མཉམ་འགུལ་བྱས་ནས་གནམ་གྲུའི་རྗེས་མཐུད་འཁོར་སྐྱོད་ཀྱི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཡོད།    བོད་ལྗོངས་མཁའ་འགྲུལ་གྱིས་ད་དུང་ཁྲིན་ཏུའུ་ཧྲོང་ལིའུ་གནམ་ཐང་དུ་ལས་འགོ་བསྐྱར་འཛུགས་ཀྱི་བོགས་བླངས་གནམ་གྲུའི་ཆེད་དམིགས་ལས་སྟེགས་བཀོད་སྒྲིག་བྱས་པ་མ་ཟད། ཆེད་མིས་ལས་སྒྲུབ་དང་འགྲུལ་ཆས་དབོར་བཅོལ་སོགས་ཀྱི་འགྲོ་ལུགས་གཉེར་རོགས་བྱེད་མཁན་བཀོད་སྒྲིག་ཀྱང་བྱས་ཏེ་ཚགས་ཚུད་པའི་ཞབས་ཞུ་མཁོ་སྤྲོད་བྱས་པ་རེད།

ཉེ་ཆར། བོད་ལྗོངས་ལྷ་ས་དང་ཆབ་མདོ་སོགས་སུའང་ལས་འགོ་བསྐྱར་འཛུགས་ཀྱི་བོགས་བླངས་གནམ་གྲུ་འབྱོར་ཡོད། ཟླ2པའི་ཚེས22ཉིན་ལས་མི127གྱིས་ཧྭ་ཏེན་ཚོགས་པ་བོད་ལྗོངས་ཀུང་སིས་གླས་པའི་སི་ཁྲོན་མཁའ་འགྲུལ་གྱི་གནམ་གྲུ3U8695ལ་བསྡད་དེ་ཁྲིན་ཏུའུ་ནས་ལྷ་སར་འབྱོར་ཡོད། འགྲུལ་པ་དེ་དག་ཧུའུ་ནན་དང་། སི་ཁྲོན། ཁྲུང་ཆིང་། ཀུའེ་ཀྲོའུ། ཡུན་ནན་སོགས་ནས་ཡོང་བ་དང་དྭགས་པོ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ནང་ཞུགས་རྒྱུ་རེད། ཉིན14རིང་གི་གསོ་རིག་བརྟག་དཔྱད་བྱས་རྗེས། ཁོང་ཚོ་དྭགས་པོ་གློག་ཁང་གི་རགས་ཆེན་འཛུགས་སྐྲུན་སོགས་ཀྱི་འགག་རྩའི་ལས་དོན་ནང་ཞུགས་རྒྱུ་དང་འབྲེལ། རྗེས་མཐུད་ཀྱི་བོགས་བླངས་གནམ་གྲུའང་དུས་ཚོད་དམ་འཛིན་ངང་བཀོད་སྒྲིག་བྱེད་བཞིན་ཡོད་པ་དང་། ཟླ3པའི་ཟླ་དཀྱིལ་དུ་ལས་གཞི་ཕྱོགས་ཡོངས་ནས་བསྐྱར་འཛུགས་ཐུབ་པ་བྱས་ཏེ་རྒྱལ་ཁབ་ཀྱི་གཙོ་གནད་ལས་གཞིའི་ལོ་འཁོར་གྱི་འཛུགས་སྐྲུན་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱ་རྒྱུ་རེད།

W020200228662682253585.png

ཟླ2པའི་ཚེས26ཉིན་ས་བབ་སྨི4300ལྷག་ཙམ་ཟིན་པའི་ཆབ་མདོ་སྤང་མདའ་གནམ་ཐང་དུ་ཞི་ཨན་ནས་འཕུར་ཡོང་བའི་བོགས་བླངས་གནམ་གྲུ་གཅིག་འབྱོར་ཡོད། བོགས་བླངས་གནམ་གྲུ་དེ་ཀྲུང་གོ་ལྕགས་ལམ་ཁང་དང་པོས་སྒྲིག་འཛུགས་བྱས་པ་དང་། འགྲུལ་པ་ཚོ་ཀྲུང་གོ་ལྕགས་ལམ་ཁང་དང་པོ་དང་ཀྲུང་གོ་ལྕགས་ལམ་ཁང་གཉིས་པ་ནས་ཡོང་བའི་ལས་དོན་པ་ཡིན་ལ། ཁོང་ཚོས་རྒྱལ་ཁབ་ཀྱི་གཙོ་གནད་ལས་གཞི་སྟེ། ཁྲོན་བོད་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཀྱི་ལས་ཀའི་འགན་འཁུར་རྒྱུ་རེད། ལོགས་སུ་བཀར་ནས་བརྟག་དཔྱད་བྱས་རྗེས། ཚང་མ་ས་བབ་སྨི4000ཟིན་པའི་རྣམ་གྲངས་ས་ཚིགས་ཁག་ཏུ་བསྐྱོད་དེ་ཡུལ་དངོས་ལས་ཀ་སྒྲུབ་རྒྱུ་རེད།

གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་ཀྱིས་ད་ལོར་རྣམ་གྲངས179བཀོད་སྒྲིག་བྱ་རྩིས་ཡོད་པ་དང་། ལོ་འཁོར་གྱི་མ་འཇོག་སྒོར་དུང་ཕྱུར1872ལེགས་གྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་དེ2019ལོ་ལས་མ་འཇོག་བྱེད་ཚད18%མང་དུ་ཕྱིན་ཡོད་པ་རེད། ཟླ2པའི་ཟླ་མཇུག་བར་ལྷ་ཉིང་ལྕགས་ལམ་དང་། ཤངས་ཆུ་དང་ལ་ལྷོ་ཆུ་བེད་ལྟེ་བ། དྭགས་པོ་ཆུ་ཤུགས་གློག་ཁང་། མེ་ཏོག་ནས་རྫ་ཡུལ་བར་གྱི་གཞུང་ལམ་སོགས་རྣམ་གྲངས10ལྷག་ཙམ་ལས་འགོ་བསྐྱར་འཛུགས་བྱས་ཟིན་ཡོད། ཟླ3པར་སླེབས་ཚེ་བོད་ལྗོངས་ཀྱིས་རྣམ་གྲངས་གལ་ཆེན་སྔར་བས་མང་བ་རིམ་བཞིན་བསྐྱར་འཛུགས་བྱས་ནས་ལས་དུས་འགན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།