བོད་ལྗོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཉམ་དུ་རིམས་ནད་འགོག་རྒོལ་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་རྒྱག་རིང་། རང་ལྗོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་རིགས་ཁག་གི་བུད་མེད་སྤུན་ཟླ་སྒྲིག་འཛུགས་དང་སྐུལ་སློང་ཧུར་ཐག་བྱས་ཏེ། ནུས་ཤུགས་ཡོད་རྒུ་བཏོན་པ་དང་རང་འགུལ་ངང་བྱས་རྗེས་བཞག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་པ་དང་། ཁ་ཏ་སློབ་སྟོན་པ། ལྟ་སྐུལ་པ། དམག་འཐབ་པ་བཅས་ཧུར་ཐག་བྱས་ནས་རིམས་ནད་འགོག་རྒོལ་བྱ་ཆེད་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དྲ་ཐོག་དང་དྲ་ཕྱི་མཐུན་སྦྱོར་གཅིག་སྡུད་ཡོང་བ་མཐའ་འཁྱོངས་བྱས་ནས་འཕྲལ་མ་ཉིད་དུ་རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་སོ་སོར་སྔོན་འགོག་ཚོད་འཛིན་གྱི་གྲོས་འགོ་བཏོན་པ་དང་། ཁོངས་གཏོགས་ཁུལ་གྱི་སྨྱན་སྦྱོར་གསར་པའི་ལས་སྟེགས“བོད་ཀྱི་བུད་མེད”ཅེས་པ་བརྒྱུད་དུས་ཐོག་ཏུ་རིམས་ནད་ཀྱི་གནས་ཚུལ་ཡོངས་བསྒྲགས་དང་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་རིམ་སྤེལ་གནས་ཚུལ་རྩོམ་སྒྲིག་བྱས་ནས་སྤེལ་ཡོད།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་དྲིལ་བསྒྲགས་ལག་དེབ་ཁྲི3བཟོས་ཏེ་ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་ཁག་གི་མང་ཚོགས་ལ་སྤྲད་ཡོད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་བུད་མེད་སྨན་དོན་མི་སྣར་སེམས་ཁུར་དང་གཅེས་སེམས་མཚོན་པར་བྱ་ཆེད། ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་བསྐྱོད་དེ་གཅེས་སེམས་ལག་རྟགས168སྤྲད་པ་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། ལྗོངས་སྨན་རྩིས་ཁང་། ལྗོངས་ནད་ཡམས་ཚོད་འཛིན་ལྟེ་གནས་བཅས་ཁག་སོ་སོར་འཚམས་འདྲིའི་དངུལ་བསྐྱལ་ཡོད། ཧུའུ་པེར་རོགས་སྐྱོར་བྱེད་པར་བསྐྱོད་མཁན་རིམས་འགོག་མི་སྣ་4ཡི་ནང་མིར་འཚམས་འདྲིའི་དངུལ་དང་དངོས་པོ་བསྐྱལ་ཡོད།

མངའ་རིས་ས་ཁུལ་རུ་ཐོག་རྫོང་དང་། སྤུ་ཧྲེང་རྫོང་། སྒར་རྫོང་། དགེ་རྒྱས་རྫོང་བཅས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ་ཤང་དང་གྲོང་རྡལ་དང་གྲོང་ཚོ་ཨུ་ལྷན་གྱི་ལས་ཀའི་ཚོགས་པའི་ནང་རིམས་ནད་ཀྱི་གནས་ཚུལ་དུས་ཐོག་ཏུ་བརྒྱུད་བསྐུར་དང་རིམས་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།