ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་སྐོར་ཞིག་གིས་སྤྱི་ཟླ3པའི་ཚེས3ཉིན་དྲ་ཐོག་ནས་སློབ་ཁྲིད་དངོས་སུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པར་བརྟེན།  རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་དཔྱིད་དུས་སློབ་འགོ་ཚུགས་པའི་དུས་ཚོད་ནར་འགྱངས་བྱེད་དགོས་བྱུང་ཡང་སློབ་ཁྲིད་མུ་མཐུད་འཚོགས་ཐུབ་པ་བྱ་ཆེད།  ཟླ3པའི་ཚེས3ཉིན་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་སྐོར་ཞིག་གིས་དྲ་ཐོག་ནས་སློབ་ཁྲིད་དངོས་སུ་འཚོགས་པ་རེད།

རྒྱུས་ལོན་པ་ལྟར་ན།  ད་སྐབས་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གིས་རིམ་ཁག་དང་རིགས་ཁག་གི་དྲ་ཐོག་སློབ་ཁྲིད་སྟེགས་བུ་དང་།  སློབ་གྲྭའི་ནང་ཁུལ་གྱི་དྲ་བའི་སློབ་ཁྲིད་མ་ལག་སོགས་ལ་བརྟེན་ནས་སློབ་མའི་རང་སྦྱོང་དང་དྲ་ཐོག་སློབ་སྦྱོང་།  ཐད་གཏོང་སློབ་ཁྲིད་སོགས་བརྒྱུད་སློབ་ཁྲིད་ཐུབ་པ་བྱས་ཡོད།

རང་སྐྱོང་ལྗོངས་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་སློད་ཧྲི་གྲིང་གིས་ངོ་སྤྲོད་བྱས་པ་ལྟར་ན།  རིམས་ནད་ཐོན་རིང་དགེ་རྒན་གྱིས་དྲ་ཐོག་ནས་མཛུབ་ཁྲིད་བྱེད་པ་དང་སློབ་མས་རང་ཁྱིམ་དུ་རང་སྦྱོང་བྱེད་རྒྱུ་ཟུང་འབྲེལ་བྱས་ནས་སློབ་ཁྲིད་བྱེད་སྒོ་སྤེལ་རྒྱུ་ཡིན་པས།  དགེ་སློབ་རྣམ་པས་རིན་མེད་ངང་སྟེགས་བུར་ཞུགས་ཏེ་སློབ་རིམ་མི་འདྲ་བའི་སློབ་ཚན་བདམས་ཆོག་པ་དང་།  རང་སྐྱོང་ལྗོངས་སློབ་གསོ་ཐིན་གྱིས་ས་ཁུལ་ཁག་དང་སློབ་གྲྭ་ཁག་གི་དྲ་ཐོག་སློབ་ཁྲིད་ཐད་ལག་རྩལ་གྱི་མཛུབ་ཁྲིད་དང་ཞབས་ཞུ་སྒྲུབ་རྒྱུ་དང་ཆབས་ཅིག  རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུའུ་ཡིས་བོད་ལྗོངས་གློག་འཕྲིན་དང་བོད་ལྗོངས་འགུལ་འཕྲིན་སོགས་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ།  ལྗོངས་ཡོངས་སུ་དྲ་བ་ཁྱབ་ཚད་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།