ཆབ་མདོའི་ལས་རིགས་ཁག་གིས་མཉམ་ཤུགས་གཅིག་སྒྲིལ་བྱས་ཐོག་ནད་ཡམས་འགོག་ཟོན་ལེགས་པར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་གྲོང་ཁྱེར་དུ་ལས་རིགས་ཁག་གིས་མཉམ་ཤུགས་གཅིག་སྒྲིལ་བྱས་ཐོག་ནད་ཡམས་འགོག་ཟོན་བྱེད་བཞིན་ཡོད་པས།  གྲོང་མི་ཚོར་ནད་ཡམས་འགོག་ཟོན་ལ་རྒྱལ་ཁ་ཐོབ་རྒྱུར་ཡིད་ཆེས་དང་རེ་སྒུག་གིས་ཁེངས་ཡོད་ལ།  ཆབ་མདོ་གྲོང་ཁྱེར་གྱིས་ནད་ཡམས་འགོག་ཟོན་བྱེད་རིང་དམངས་འཚོའི་ཚོང་ཟོག་མཁོ་སྤྲོད་དང་ཟོག་གོང་བརྟན་པོ་ཡོང་བ་བྱེད་པའི་གལ་ཆེའི་ལས་དོན་ཁག་ཀྱང་ཡག་པོ་སྒྲུབ་ཡོད། 

ཤེས་རྟོགས་བྱས་པར་གཞིགས་ན།  གྲོང་ཁྱེར་དེ་ཡོངས་ཀྱི་ས་ཞིང་མུའུ1063ནས་ཟླ་བ་གཅིག་ནང་སྔོ་ཚལ་ཀྲོན222ལྷག་ཙམ་མཁོ་འདོན་ཐུབ་བཟོ་ཡོད་པ་དང་།  གསོ་ཚགས་ཁང་ཁག་ཏུ་ཕག་པ་ཁྲི1.4དང་འབྲི་གཡག1500ལྷག་ཙམ་གསོས་ཡོད་པས།  མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་རྒྱུ་རེད།

ཆབ་མདོ་གྲོང་ཁྱེར་གྱིས་ནད་ཡམས་འགོག་ཟོན་གྱི་འགོག་སྲུང་ཡོ་ཆས་ལ་འགན་སྲུང་གང་ལེགས་ཡོང་བ་བྱ་ཆེད།  ཐབས་ལམ་སྣ་ཚོགས་བརྒྱུད་སྨན་སྤྱོད་ཁ་རས་དང་འགོག་སྲུང་གྱོན་ཆས།  མིག་ཤེལ་སོགས་ཉོ་སྒྲུབ་བྱས་ཡོད།  ནད་ཡམས་འགོག་ཟོན་ལ་རྒྱབ་སྐྱོར་བྱ་ཆེད་ཐན་ཅིན་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གི་མཐུན་སྦྱོར་འོག་འབྲེལ་ཡོད་ཚན་པས་ཞལ་འདེབས་སྒོར་ཁྲི500བརྒྱབ་པ་དང་།  བོད་ལྗོངས་གཡུ་ལུང་ཟངས་ལས་མ་རྐང་ཚད་ཡོད་ཀུང་སིས་ཞལ་འདེབས་སྒོར་ཁྲི་ཚོ200བརྒྱབ་པ།  ཆབ་མདོ་གྲོང་ཁྱེར་ཧྭ་ཧུད་ཞིང་ལས་ཕྱོགས་བསྡུས་གོང་འཕེལ་ཚད་ཡོད་ཀུང་སིས་དུག་སེལ་དངོས་ཟོག་ཀྲོན1བཅས་ཞལ་འདེབས་བརྒྱབ་ཡོད། 

ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་དམིགས་འཛུགས་སྨན་ཁང་ནས་སྨན་བཅོས་ལག་རྩལ་རྐང་འཛིན་པ227ཟུར་འཐེན་བྱས་ཏེ།  གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྨན་བཅོས་ཚོགས་ཆུང་གསུམ་བཙུགས་པ་དང་།  དམིགས་འཛུགས་སྨན་ཁང་མིན་པའི་ལག་རྩལ་རྐང་འཛིན་པ100ཟུར་འཐེན་བྱས་ནས།  སྨན་བཅོས་ཚོགས་ཆུང་གྲ་སྒྲིག་རུ་ཁག་བཙུགས་ཏེ་སྨན་བཅོས་འཕྲལ་སྡོམ་རོགས་སྐྱོར་ལས་དོན་སྒྲུབ་ཏུ་བཅུག་ཡོད།  སྨན་དོན་པ་ཕུད་གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་དམིགས་བསལ་ལས་ཀའི་དགོས་མཁོའི་མི་སྣ3229ཚང་མ་ནད་ཡམས་འགོག་ཟོན་ཁྲོད་ཞུགས་ཏེ།  རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བ་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།