ལྷོ་ཁ་གྲོང་ཁྱེར་གྱིས“མཐའ་འཁྱོངས་བཞི”ལ་བརྟེན་ནས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་དངོས་ཕན་ཐོབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོ་ཚུན་དུ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་བྱེད་པའི་དམིགས་ཚད་གཞིར་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་སྤྱིའི་བླང་བྱ་ཁོང་དུ་ཆུད་པ་དང་། འཆར་འགོད་ཡག་པོ་བྱེད་པ། དུས་ཚོད་རེའུ་མིག་ཁ་གསལ་འགོད་པ་བཅས་བྱས་ཏེ། “མཐའ་འཁྱོངས་བཞི”ལ་བརྟེན་ནས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱས་པ་རེད།

སྤྱི་ཡོངས་ལ་ཞབས་འདེགས་དང་དགོས་མཁོ་ལྟར་སློབ་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ལྷོ་ཁ་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གལ་ཆེན་དང་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ནས། ལྗོངས་ཏང་ཨུད་རྩ་འཛུགས་པུས་བཏོན་པའི“789”ཡི་ན་གཞོན་ལས་བྱེད་པ་གསོ་སྐྱོང་འདུ་འགོད་ལག་བསྟར་བྱེད་པའི་དགོས་མཁོ་དང་ཟུང་འབྲེལ་གྱིས་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་ཕུལ་བྱུང་ན་གཞོན་ལས་བྱེད་པ་གཙོ་གནད་དུ་བྱེད་པ་དང་ལས་གནས་ཀྱི་འགན་འཁྲི་དང་འཚར་ལོངས་ཀྱི་དགོས་མཁོ་གཞིར་བཟུང་གནད་སྨིན་གསོ་སྦྱོང་ལག་བསྟར་བྱས་ཡོད།

ཆབ་སྲིད་སློབ་གསོ་དང་སྤྱོད་ཡོན་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དང་། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་མངོན་གསལ་དོད་པོ་ཡོང་བ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གསོ་སྦྱོང་དང་ནུས་པ་གསོ་སྐྱོང་བྱ་རྒྱུ་ཐོག་མཐའ་བར་གསུམ་ལ་ཁྱབ་པ་བྱས་ནས་ལས་བྱེད་པར་ཆབ་སྲིད་ཀྱི་བྱང་ཚད་མཐོར་གཏོང་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱས་པ་རེད།

རིགས་དབྱེ་རིམ་དབྱེ་དང་ལས་བཟོ་ཡོངས་གསོ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། སློབ་གསོ་གསོ་སྦྱོང་གི་ཡོངས་ཁྱབ་རང་བཞིན་གྱི་བླང་བྱ་དེ་རིགས་མི་འདྲ་བ་དང་། རིམ་པ་མི་འདྲ་བ། ལས་གནས་མི་འདྲ་བ་བཅས་ཀྱི་ལས་བྱེད་པའི་དམིགས་བསལ་གྱི་དགོས་མཁོ་དང་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་གྱིས། ཀྲེ་ཅང་གི་སྲིད་དོན་ཞབས་ཞུའི“ཐེངས་གཅིག་ལས་འགྲོ་མི་དགོས་པ”དང་། ཁྲེང་ཏུའི་ཐེན་ཕུའུ་ཁུལ་གསར་འཛུགས་སྐྲུན། ཧོ་ནན་གྱི་སྒྲིག་བཀོད་ཞིང་ལས་སོགས་དཔེ་མཚོན་ཉམས་མྱོང་སློབ་སྦྱོང་བྱས་ནས་དམིགས་སའི་རང་བཞིན་ཆེ་རུ་བཏང་སྟེ་ཁྱོན་ཡོངས་ལ་ཁྱབ་རྒྱུ་འགན་ལེན་བྱས་པ་རེད།

སྤྱི་འདོམས་བཀོད་སྒྲིག་དང་ཕན་འབྲས་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། གོང་རིམ་གྱིས་བླང་བྱ་ཁ་གསལ་བཏོན་པའི་གསོ་སྦྱོང་དེ་གཏན་འཁེལ་བྱེད་ཐབས་ལ་བརྩིས་ནས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། ལས་ཁུངས་སྒྱུར་བཅོས་བྱས་རྗེས་ཀྱི་ལས་སྒོའི་ནང་དོན་འགྱུར་ལྡོག་ཅུང་ཆེ་བའི་ཚན་པས་འཛིན་གྲྭ་གཉེར་རྒྱུ་རེ་ཞུ་བྱས་རིགས་སྔོན་ལ་གསོ་སྦྱོང་བཀོད་སྒྲིག་བྱས་ཡོད། གསོ་སྦྱོང་གི་ནང་དོན་དང་གསོ་སྦྱོང་བྱ་ཡུལ་འབྲེལ་བ་ཆེ་བའི་འཛིན་གྲྭར་བསྡུ་སྒྲིལ་མཉམ་གཉེར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།