ཏང་འཛུགས་སྐྱོང་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ།

—— ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཤེལ་དཀར་མོན་པ་གྲོང་ཚོའི་ཕྱུག་འགྱུར་སྐོར་བཀོད་པ།

8a2c3329-8256-4f05-8b35-2696535948b4.jpg.1.jpg

འདི་ནི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཤེལ་དཀར་མོན་པ་གྲོང་ཚོའི་བོད་ཤོག་བཟོ་རྩལ་ཐོན་རྫས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཡིན་པ།

དབུལ་སྐྱོར་གནས་སྤོ་བྱས་ནས་འཚོ་བ་གསར་པ་བསུས་པ།

སྨན་གླིང་རྫོང་ཆབ་ནག་ཤང་ཤེལ་དཀར་མོན་པ་གྲོང་ཚོར་བསྐྱོད་ཚེ། གཙང་ཞིང་རྒྱ་ཆེ་བའི་གཞུང་ལམ་གྱི་འགྲམ་དུ་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཁང་པ་སྟར་ཆགས་དང་ཚོན་མདོག་སྨུག་པོའི་སོ་ཕག་དང་སྐྱ་མདོག་གི་སྒེའུ་ཁུང་། ཁང་པའི་སྟེང་གི་སྔོ་ལོང་ལོང་དུ་འཕྱུར་བའི་དུ་བ་བཅས་ཕན་ཚུན་མཛེས་རྒྱན་དུ་གྱུར་ཞིང་། གཞུང་ལམ་གཡས་གཡོན་གྱི་ལྗོན་ཤིང་ཧ་ཅང་སྔོ་ལ་སྟུག དེ་དག་ནི་ཤེལ་དཀར་མོན་པ་གྲོང་ཚོས་མི་རྣམས་ལ་བཞག་པའི་བག་ཆགས་དང་པོ་དེ་རེད།

“འདི་ནི་གནས་སྤོའི་གྲོང་ཚོ་ཞིག་ཡིན་པ་དང་། གཙོ་བོ་བོད་རིགས་དང་། ལྷོ་པ། མོན་པ་བཅས་མི་རིགས་གསུམ་ལས་གྲུབ་ཡོད། དེ་སྔ་གྲོང་མི་ཚོ་ཐག་རིང་ལུང་ཁུག་ཏུ་སྡོད་ཀྱི་ཡོད་པ་དང་འགྲིམ་འགྲུལ་སྟབས་བདེ་པོ་མེད་པས་ཕྱི་རོལ་དང་འབྲེལ་བ་དེ་ཙམ་མེད། འགྲིམ་འགྲུལ་དང་། ཆུ་བེད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རྗེས་ལུས་ཐེབས་པས་ཐོན་ཁུངས་དཀོན་པོ་ཡོད”ཅེས་ཤེལ་དཀར་མོན་པ་གྲོང་ཚོའི་ཧྲུའུ་ཅི་དང་པོ་འབྲུག་གྲགས་ཀྱིས་བཤད། 2003ལོར་མེ་ཏོག་རྫོང་གི་གྲོང་ཚོ་ཧྲིལ་པོ་སྨན་གླིང་རྫོང་ཆབ་ནག་ཤང་དུ་སྤོས་པ་རེད། སྐབས་དེ་དུས་དུད་ཚང་40ཡི་མི་140ལྷག་ཙམ་གནས་སྤོས་པ་དང་ད་ཆ་དུད་ཚང་74ཡི་མི་324བར་མང་དུ་ཕྱིན་ཡོད། 2016ལོར་གནད་སྨིན་དབུལ་སྐྱོར་དང་ཡུལ་གཞན་དུ་གནས་སྤོའི་སྲིད་ཇུས་འོག སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོས་ཚད་གཞི་དང་འཚམ་པའི་ཞིང་དུད་ལ་དམིགས་ནས་དུད་ཚང་རེའི་མི་གྲངས་ལ་གཞིགས་ཏེ་ཁོང་ཚོར་རྒྱ་ཁྱོན་མི་འདྲ་བའི་སྡོད་ཁང་བསྐྲུན་པ་མ་ཟད། ད་དུང་དུད་ཚང་རེའི་སྒོ་ཕྱུགས་ཀྱི་གྲངས་འབོར་ལ་གཞིགས་ནས་ཁོང་ཚོར་རྩྭ་ར་བགོས་པ་དང་། གྲོང་ཚོ་གསར་པའི་ཆུ་གློག་སོགས་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་ཞིང་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

གསར་འགོད་པས་ཀུན་བཟང་གི་ཁྱིམ་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས། ཁོང་ཕྱིར་ལས་ཀ་བྱེད་པར་སོང་བ་དང་སྐབས་འཁེལ་ཞིང་བཟའ་ཟླ་སྒྲོལ་མ་ཁྱིམ་དུ་བསྡད་ཡོད། ད་ཆ་ཀུན་བཟང་གིས་གཙོ་བོ་ཕྱི་ལ་རྐོ་འདྲུའི་འཕྲུལ་འཁོར་དང་ལྡུག་འཁོར་གཏོང་བ་དང་སྐབས་རེ་སྐྱེལ་འདྲེན་ལས་ལ་གཞོལ་གྱི་ཡོད། སྒྲོལ་མས“ངས་ཐང་ཆེན་དུ་སྒོ་ང་དང་བོད་ཐུག་སོགས་ཁྱད་ལྡན་ཐོན་རྫས་དང་ཁྱད་ལྡན་ཟས་རིགས་ཙག་ཙིག་འཚོང་གི་ཡོད། ད་ཆ་ཞིང་ལས་དང་། ས་ཞིང་བརྒྱུད་བཤུག ཡུལ་སྐོར་སྣེ་ལེན་སོགས་ལ་བརྟེན་ནས་ལོ་ཧྲིལ་པོར་ཡོང་འབབ་སྒོར་ཁྲི་15རག་གི་འདུག”ཅེས་བཤད།

ཏང་འཛུགས་སྐྱོང་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ།

ཉེ་བའི་ལོ་ཤས་རིང་། ཤེལ་དཀར་མོན་པ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཉིང་ཁྲིའི་གནམ་ཐང་གི་མྱུར་བགྲོད་ལམ་བུ་དང་རྐང་ཕད་གཞུང་ལམ་གྱི་འགྲིམ་འགྲུལ་ལེགས་ཆ་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལེགས་ཆར་བརྟེན་ནས། ས་ཞིང་བརྒྱུད་བཤུག་བྱེད་མགྱོགས་སུ་བཏང་བ་བརྒྱུད་སྒོ་རའི་དཔལ་འབྱོར་དང་། རིག་གནས་ཡུལ་སྐོར། བོད་ཤོག་ལས་སྣོན་ཐོན་ལས་བཅས་ཕྱོགས་བསྡུས་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་སྟེ། གྲོང་མི་ཚོའི་ཡོང་འབབ་རིམ་བཞིན་མང་དུ་ཕྱིན་པ་རེད།

ཤེལ་དཀར་མོན་པ་གྲོང་ཚོས“ཀུང་སི+ཀྲི་པུའུ+མང་ཚོགས”བཅས་ཀྱི་དཔེ་དབྱིབས་སྤྱད་དེ། 2016ལོར་ས་ཞིང་བརྒྱུད་བཤུག་བྱེད་པར་བརྟེན་ནས་ཉིང་ཁྲིའི་དབྱིན་ཧྥུང་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ཏེ་ས་ཆ་མུའུ་1100ལྷག་ཙམ་བཟུང་བ་དང་། མ་དངུལ་སྒོར་དུང་ཕྱུར་3.2བཏང་ནས་སྒྲིག་བཀོད་ཞིང་ལས་ཁུལ་དང་། ལྟ་སྐོར་ཞིང་ལས་ཁུལ། མཛོད་ཉར་ཟོག་འདྲེན་ཁུལ། སོས་དལ་སྤྲོ་གསེང་ཁུལ་བཅས་གཞི་གཅིག་ཏུ་བསྡུས་པའི་རིག་ལྡན་སྣོད་བཅུད་ཞིང་ར་བསྐྲུན་པ་རེད། ས་ཞིང་བརྒྱུད་བཤུག་བྱས་པ་བརྒྱུད་གྲོང་ཚོའི་མཉམ་སྡེབ་ལ་རིམ་རྩིས་བརྒྱབ་ན་འབབ་འཕར་སྒོར་ཁྲི་19རག་པ་དང་། མང་ཚོགས་ལ་རིམ་རྩིས་བརྒྱབ་ན་འབབ་འཕར་སྒོར་ཁྲི་70བྱུང་བ་རེད།

འཇོན་ཐང་ཅན་གྱིས་སྣེ་ཁྲིད་དང་སྤུས་རྟགས་ཀྱིས་སྐུལ་ཁྲིད་བྱེད་པ།

བོད་ཤོག་ནི་བོད་ལ་དམིགས་བསལ་དུ་ཡོད་པའི་རིག་གནས་ཐོན་རྫས་ཤིག་ཡིན་པ་དང་། 2006ལོར་བོད་ཤོག་ཐོན་སྐྱེད་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཁག་དང་པོའི་མིང་གཞུང་ནང་བཅུག་ཡོད་པ་རེད།

2015ལོའི་ཟླ་3པར། ཤེལ་དཀར་མོན་པ་གྲོང་ཚོའི་དུད་ཚང་ལྔ་ཡི་མང་ཚོགས་ཀྱིས་དུད་ཚང་རེས་མ་རྐང་སྒོར་ཁྲི་5འཇོག་པའི་མ་དངུལ་མཉམ་བསྡུའི་བྱེད་སྟངས་ལ་བརྟེན་ནས། ཁྱོན་སྒོར་ཁྲི་25བཏང་སྟེ་ཤེལ་དཀར་མོན་པའི་བོད་ཤོག་ལས་སྣོན་མཉམ་ལས་ཁང་བཙུགས་པ་རེད། ཤེལ་དཀར་མོན་པའི་བོད་ཤོག་རྒྱུན་འཛིན་པ་སྟོབས་ལྡན་ནི་མཉམ་ལས་ཁང་གི་འགན་འཁུར་བ་ཡིན་པ་དང་ཁོང་བོད་ཤོག་ལས་སྣོན་ལས་རིགས་ནང་ཞུགས་ནས་ལོ་20ཙམ་སོང་ཞིང་། རྒྱུན་འཛིན་ཞིབ་ཚགས་དང་འཕེལ་རྒྱས་གསར་གཏོད་བྱས་ཏེ་ཤོག་བུ་བཟོ་བའི་ལྟེ་བའི་ལག་རྩལ་ཆ་ཚང་ཁོང་དུ་ཆུད་ཡོད། 2016ལོའི་ཟླ་3པར། ཁོང་གི་སྣེ་ཁྲིད་འོག་སླར་ཡང་སྨན་གླིང་རྫོང་ཆབ་ནག་ཤང་ཤེལ་དཀར་གྲོང་ཚོའི་བོད་ཤོག་བཟོ་རྩལ་ཐོན་རྫས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།

སྟོབས་ལྡན་གྱི་སྐུལ་ཁྲིད་འོག་ཡུལ་དེ་གའི་གྲོང་མིས་ཕྱོགས་གཅིག་ནས་བོད་ཤོག་བཟོ་རྩལ་སློབ་སྦྱོང་དང་རྒྱུན་འཛིན་བྱས་ཤིང་ཕྱོགས་གཞན་ཞིག་ནས་བོད་ཤོག་ལ་ལས་སྣོན་ཞིབ་ཚགས་བྱས་ཏེ། ཁྱད་ལྡན་གྱི་བཟོ་རྩལ་ཐོན་རྫས་སྣ་ཚོགས་བཟོས་ནས་བོད་ཤོག་ཐོན་རྫས་ཀྱི་ལས་སྣོན་རིན་ཐང་སྔར་བས་ཆེ་རུ་བཏང་ཡོད། ཁོང་ཚོས་ཐོན་སྐྱེད་བྱས་པའི་བོད་ཤོག་ལྗོངས་ནང་ཁུལ་དུ་བྲིན་ཁ་རྒྱུག་པ་མ་ཟད་ཐ་ན་རྒྱལ་ནང་གི་ཞིང་ཆེན་གཞན་ལའང་ཕྱིར་ཚོང་བྱས་པར་འཛད་སྤྱོད་པའི་གདེང་འཇོག་བཟང་པོ་ཐོབ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 2016ལོའི་ཟླ་3པ་ནས་ད་བར་ཁོང་ཚོའི་བོད་ཤོག་གི་ཟིན་བྲིས་དེབ་དང་། ལྒང་བཞུ། ཐང་ག ཡིག་སྐོག་སོགས་ཕྱིར་ཚོང་མངག་ཐོ་སྒོར་ཁྲི་160ལྷག་ཙམ་ཟིན་ཡོད་པ་རེད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།