བོད་ལྗོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་དཔྱིད་དུས་སློབ་དུས་ཟླ་གསུམ་པའི་ཟླ་སྨད་དུ་སློབ་འགོ་འཛུགས་རྒྱུ་གནས་སྐབས་གཏན་འབེབས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཚུན། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགུལ་རྣམ་ཞིབ་འཇུག་བརྡར་ཤ་གཅོད་པ། འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ། འབད་བརྩོན་ཆེ་ཤོས་དང་། བྱེད་ཐབས་ནན་ཤོས། མྱུར་ཚད་མགྱོགས་ཤོས་བཅས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད།

རྒྱ་ཆེའི་དགེ་སློབ་ཚོའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་ལྗོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་2020ལོའི་དཔྱིད་དུས་སློབ་དུས་སློབ་འགོ་ནར་འགྱངས་བྱ་རྒྱུ་དང་། 2020ལོའི་ཟླ་གསུམ་པའི་ཟླ་སྨད་དུ་སློབ་འགོ་འཛུགས་རྒྱུ་གནས་སྐབས་གཏན་འབེབས་བྱས་པ་རེད།

ཟླ་2ཚེས་29ཉིན་བར། ལྗོངས་ཕྱིར་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་མ་ཁྱོན་བསྡོམས་88530ཡོད་པའི་ཁྲོད་ནས། ནང་སར་སློབ་མ་25523ཡོད་པ་དང་བོད་དུ་སློབ་མ་63007ལོག་ཡོད། ལྗོངས་ནང་ཁུལ་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་དགེ་རྒན་ལས་བཟོ་དང་སློབ་ཕྲུག་ཁྱོན་བསྡོམས་837217ཡོད་པའི་ཁྲོད་ནས་དགུང་གསེང་རིང་ནང་སར་ཕྱིན་པའི་དགེ་སློབ་66893ཡོད་ཅིང་། དེའི་ཁྲོད་ནས་དགེ་སློབ་23677བོད་དུ་ལོག་པ་དང་། དགེ་སློབ་43216སྔར་བཞིན་ནང་སར་བསྡད་ཡོད། དེའི་ཁྲོད་ནས་ཧུའུ་པེར་ལུས་པའི་དགེ་སློབ་951ཡོད་པ་དང་དགེ་སློབ་དེ་དག་གི་གཟུགས་གཞི་བདེ་ཐང་ཡིན་པ་རེད།

རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་ལུའུ་ཧྲེ་ཁྲེང་གིས་གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། སློབ་གསོ་པུའུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་མུ་མཐུད་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ལས་དོན་གྱི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་དགེ་སློབ་དང་ལས་བཟོའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་། བདེ་འཇགས་བརྟན་ལྷིང་། བྱ་གཞག་འཕེལ་རྒྱས་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་དགོས་ཞེས་བརྗོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།