ཆབ་མདོ་གྲོང་ཁྱེར་གྱིས་དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་དང་འཚོ་བའི་དངོས་ཟོག་གི་རིན་གོང་བརྟན་པོ་ཡོང་བར་འགན་སྲུང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “འགན་ལེན་བརྒྱད་དང་བརྟན་རླིང་གཅིག”གི་བྱ་བའི་བྱེད་ཐབས་དངོས་འབེབས་ནན་མོ་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་སྲིད་གཞུང་གི་སྙོམས་སྒྲིག་དང་ཁྲོམ་རའི་སྙོམས་སྒྲིག་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “ཚོད་སླེའི”ཐོན་སྐྱེད་མཁོ་སྤྲོད་འགན་སྲུང་བྱས་པ་བརྒྱུད། “ལྗང་མདོག་བགྲོད་ལམ”ཤར་གཏོང་བྱས་ནས། སྲིད་ཇུས་སོ་སོ་དངོས་འབེབས་དང་གཞི་རྩ་འགན་སྲུང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རིམས་ནད་སྐབས་ཀྱི་དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་བའི་བྱ་བར་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་རེད། 

རྒྱུས་ལོན་པ་ལྟར་ན། ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་སྔོ་ཚལ་འདེབས་པའི་རྒྱ་ཁྱོན་མུའུ1063ལྷག་ཡོད་པ་དང་སྔོན་དཔག་བྱས་པ་ལྟར་ན་ཟླ་བ་གཅིག་གི་ནང་སྔོ་ཚལ་ཏུན222.3སྡུད་བཞིན་ཡོད། གྲོང་ཁྱེར་ཡོངས་ཀྱི་གསོ་ཚགས་ར་བ་སོ་སོ་རུ་ཕག་ཁྲི1.4ལྷག་ཡོད་པ་དང་ལག་ཡོད་ཕྱུགས་གྲངས1500ལྷག་ཡོད་པས། ཆབ་མདོའི་མི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བའི་དགོས་མཁོ་ཡུན་རིང་དུ་སྐོང་ཐུབ། གྲོང་ཁྱེར་ཡོངས་ཀྱི་གོང་ཁེའི་སྔོ་ཚལ་ཐད་ཚོང་ས་ཚོགས་ཀྱི་སྔོ་ཚལ་དང་སིལ་ཏོག་ཚང་མ་འཛོམས་ཡོད་པ་མ་ཟད་ཟོག་གོང་བརྟན་པོ་ཡིན་པ་རྒྱུན་འཁྱོངས་བྱས་ཡོད། 

ཟླ2པའི་ཟླ་མཇུག་བར་དུ། ཆབ་མདོ་གྲོང་ཁྱེར་གྱིས་ཚོང་དོན་འཁོར་རྒྱུག་ཁྱབ་ཁོངས་ཀྱི་བསྐྱར་ལས་དང་བསྐྱར་དུ་ཐོན་སྐྱེད་བྱེད་པའི་བྱ་བ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་ཡོད། སྔོ་ཚལ་ཁྲོམ་རའི་ལས་འགོ་ཚུགས་ནས་གཉེར་སྐྱོང་བྱེད་ཚད100%ཟིན་པ་དང་། སྒོ་རྩིས་ཚོང་ཁང་ཆུང་གྲས་དང་སྟབས་བདེའི་ཚོང་ཁང་བསྐྱར་ལས་བྱེད་ཚད55%ཟིན་པ། ཕྱོགས་བསྡུས་སྒོ་རྩིས་ཚོང་ཁང་ཆེ་གྲས་ཀྱི་ལས་གཉེར་བྱེད་ཚད65%ཟིན། བཟའ་བཏུང་ཁེ་ལས་ཀྱིས་ལས་གཉེར་བྱེད་ཚད19%ཟིན། ཟོང་མང་ཚོང་ཁང་གི་ལས་གཉེར་བྱེད་ཚད60%ཟིན་ཡོད། གཞན་ཡང་གྲོང་ཁྱེར་ཡོངས་ཀྱི་སྣུམ་སྣོན་ས་ཚིགས55ཡི་དུས་ཆེན་དང་ངལ་གསོའི་སྐབས་སུ་ཚང་མ་རྒྱུན་གཏན་ལྟར་ལས་གཉེར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།