བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཕྱིབས་གྲོང་ཚོས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྕང་མའི་ཡལ་ག་གསར་དུ་རྒྱས། ཁམ་བུའི་སྡོང་པོ་གར་ལ་རྩེན། བྲག་ཕྱིབས་གྲོང་ཚོའི་ནང་ག་ལེར་སྐྱོད་སྐབས་སོ་ཕག་དང་མདའ་གཡབ་མངོན་པའི་བོད་བཟོའི་ཐོག་ཁང་དག་སྔོ་ལྗང་གིས་བཏུམས་པ་དང་། སྒོ་འགྲམ་དུ་ཤར་གཏོང་ཐུབ་པའི་གཙང་ཞིང་གྲལ་སྒྲིག་པའི་གྲོང་ཚོའི་ལམ་བུ་བཅས་ནི་མཛེས་སྡུག་ལྡན་པའི་རི་མོ་ཞིག་དང་མཚུངས།

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཕྱིབས་གྲོང་ཚོ་ནི་གྲོང་ཁུལ་དང་བར་ཐག་ཉེ་པོ་ཡོད་པ་དང་གྲོང་ཚོ་ཡོངས་སུ་དུད་ཚང་100དང་མི་473ཡོད་ཅིང་། 2019ལོར་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་3.4ཟིན་པ་དང་གྲོང་ཚོའི་ཐུན་མོང་རྒྱུ་ནོར་ཚོད་སྐོར་བྱས་ན་མ་དངུལ་སྒོར་དུང་ཕྱུར་7ཟིན་པས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི"ཕྱུག་པོའི"གྲོང་ཚོ་ཞིག་ཡིན།

ད་ཆའི་འབྱོར་འབྲིང་གྲོང་ཚོ་དེ་ནི་སྔོན་ཆད་དབུལ་ཕོངས་རྗེས་ལུས་ཤིག་ཡིན།

དགུང་ལོ་57ལ་ཕེབས་པའི་གྲོང་ཚོ་ཨུ་ལྷན་གྱི་ཧྲུའུ་ཅི་མིག་དམར་ལགས་ཀྱིས་2011ལོའི་གོང་དུ་གྲོང་མི་རྣམས་རང་སོ་སོའི་ཁྱིམ་ལས་ལ་འབད་ཀྱིན་ཡོད་ཅིང་ཁྱིམ་ཚང་ལ་ལ་ཕྱུག་པོ་ཆགས་ཡོད། འོན་ཀྱང་གྲོང་མི་མང་ཆེ་བ་སྔར་བཞིན་ཧ་ཅང་དབུལ་པོ་རེད་ཅེས་ངོ་སྤྲོད་གནང་།

ཁྱོན་ཡོངས་ནས་འབྱོར་འབྲིང་ཡོང་བར་ཐུན་མོང་དཔལ་འབྱོར་ནི་འདེགས་སྐྱོར་ཡིན། 2012ལོར་བྲག་ཕྱིབས་གྲོང་ཚོར་ས་ཆ་བསྡུ་ལེན་བྱས་པས་ས་ཞིང་དང་རྩྭ་རའི་ཁ་གསབ་མ་དངུལ་སྒོར་ཁྲི་3000རག་ཡོད། མིག་དམར་ལགས་ཀྱིས་གྲོང་མི་ཐེངས་མང་བསྐོངས་ནས་ཚོགས་འདུ་འཚོགས་ཤིང་། ས་ཆའི་ཁ་གསབ་མ་དངུལ་བཏོན་ནས་འདམ་ར་མུའུ་150དང་གྲོང་ཁྱེར་གྱི་ས་ཆ་མུའུ་28ཉོས་ཏེ་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་གྲོས་འགོ་བཏོན་གནང་ཡོད།

"གྲོང་ཚོའི་ལས་བྱེད་པ་ཚོས་མང་ཚོགས་དང་གླེང་མོལ་ཐེངས་བརྒྱ་ལྷག་ཙམ་བྱས་མཐར་གྲོང་མིས་མ་དངུལ་སྒོར་ཁྲི་2000བསྡུ་རུབ་བྱས་ཡོད"ཅེས་མིག་དམར་ལགས་ཀྱིས་གསུངས་པ་དང་། ཁོང་གིས་གྲོང་ཚོ་ཨུ་ལྷན་གྱིས་ཚོང་འགུགས་མ་འདྲེན་དང་མཉམ་སྦྲེལ་གསར་སྤེལ་གྱི་བྱ་ཐབས་བརྒྱུད་གྲོང་ཚོ་ཡོངས་ཀྱི་ཐོན་ལས་ཨང་དང་པོ་ཡིན་པའི་བྲག་ཕྱིབས་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར་བསྐྲུན་ཡོད། གྲོས་མཐུན་ལ་གཞིགས་ན་འདོན་འཚོང་བས་ལོ་ལྟར་གྲོང་ཚོ་ཐུན་མོང་ལ་སྒོར་ཁྲི་450སྐྱེལ་བ་དང་། ལོ་ལྔ་རེར་སྒོར་ཁྲི་50རིམ་འཕར་བྱས་ནས་ལོ་25ཡི་རྗེས་སུ་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར་བྲག་ཕྱིབས་གྲོང་ཚོས་རང་བདག་གཉེར་སྐྱོང་བྱ་རྒྱུ་རེད་ཅེས་གསུངས།

གྲོང་ཚོ་ཨུ་ལྷན་དང་བར་ཐག་སྤྱི་ལེ་ཁ་ཤས་ཡོད་པའི་ས་ནི་ཉིང་ཁྲི་གྲོང་ཁྱེར་དུ་སྐད་གྲགས་ཡོད་པའི་ཤུག་པ་ཆེན་པོའི་མཛེས་ལྗོངས་ཁུལ་རེད། ཤུག་པ་ཆེན་པོ་ཆིག་སྟོང་ལྷག་ཙམ་གྱིས་ཉི་འོད་སྒྲིབ་བཞིན་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་བཞིན་ཡོད།

འགྲུལ་པའི་རྒྱུན་གྱིས་ཚོང་ལས་ཀྱི་གོ་སྐབས་བཏོད་ཅིང་2018ལོར་མཛེས་ལྗོངས་ཁུལ་རིམ་སྤོར་བྱས་པ་དང་གསར་སྤེལ་བྱས་པའི་ཁྱད་ལྡན་ཐོན་ཟོག་ཁྲོམ་གཞུང་གིས་དུད་ཚང་རེར་འབབ་འཕར་སྒོར་ཁྲི་6ནས་ཁྲི་10བར་བཏོད་ཡོད། དེ་དང་ཆབས་ཅིག་མཛེས་ལྗོངས་ཁུལ་གྱི་སྤ་སེ་དང་ཁྲོམ་བཀྱག་གི་གཡར་དངུལ་གྱིས་ལོ་ལྟར་བྲག་ཕྱིབས་གྲོང་ཚོར་སྒོར་ཁྲི་200ཡི་ཐུན་མོང་ཡོང་འབབ་མང་དུ་ཕྱིན་ཡོད།

2017ལོར་གྲོང་ཚོའི་མཐའ་འཁོར་དུ་མཛོད་ཁང་གང་བྱུང་མང་པོ་བརྒྱབ་པ་དང་གཅིག་གྱུར་གྱི་ཁྲོམ་ར་མེད། གྲོང་ཚོ་ཨུ་ལྷན་གྱིས་ཤེས་ཚོར་རྣོན་པོའི་ངང་དེ་གར་ཟོག་འགྲེམས་གླིང་ཁུལ་ཆེ་གྲས་ཤིག་བསྐྲུན་དགོས་པ་བསམས་ཡོད།

སྙན་སེང་བཀའ་འཁྲོལ་ཞུ་བ་དང་སྒྲིག་འགལ་བཤིག་པ། ཚོང་འགུགས་མ་འདྲེན་སོགས་བྱས་པ་བརྒྱུད། བྲག་ཕྱིབས་ཟོག་འགྲེམས་གླིང་ཁུལ་གྱི་དུས་ཐེངས་དང་པོའི་ལས་གྲྭ་2019ལོའི་ཟླ་7པར་བསྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། གླིང་ཁུལ་གྱི་རྒྱ་ཁྱོན་མུའུ་229.87ཟིན་པ་དང་ཁྱོན་མཛོད་ཁང་ཆེ་གྲས་16ཡོད་ཁར། མིག་སྔར་གན་རྒྱ་བཞག་པའི་ཚོང་དུད་85ཡོད་པས་ལོ་ལྟར་གྲོང་ཚོ་ཐུང་མོང་ལ་འབབ་འཕར་སྒོར་ཁྲི་200ཡོང་གི་ཡོད།

མིག་དམར་ལགས་ཀྱིས་དེ་ནི་བྲག་ཕྱིབས་གྲོང་ཚོའི་ཐོན་ལས་ཀྱི་ཕྱོགས་སྒྱུར་ཐེངས་གཉིས་པ་ཡིན་ལུགས་གསུངས་ཤིང་། "ཨར་སྐྲུན་རྒྱུ་ཆའི་ཁྲོམ་ར་དང་མཛེས་ལྗོངས་ཁུལ་ནི་ཐོན་ཁུངས་ལ་བརྟེན་པའི་ཐོན་ལས་ཡིན་ཞེས་བརྗོད་ཚེ་ཟོག་འགྲེམས་གླིང་ཁུལ་ནི་དེང་རབས་ཀྱི་ཐོན་ལས་ཕྱོགས་སུ་སྐྱོད་པ་ཞིག་ཡིན་ཞེས་བརྗོད་ཆོག"ཅེས་ཁོང་གིས་གསུངས།

ད་ཆ་བྲག་ཕྱིབས་གྲོང་ཚོས་སླར་ཡང་རྣམ་པ་གསར་ཞིག་བརྩམས་ཡོད་དེ། ཁྱོན་མ་དངུལ་སྒོར་ཁྲི་5000བཏང་བ་དང་ས་ཁྱོན་མུའུ་700བཟུང་བའི་ཞིང་ལས་ལྟ་སྐོར་གླིང་ཁུལ་སྐྲུན་འགོ་འཛུགས་ཉེར་ཡོད། གླིང་ཁུལ་དེར་ཞིང་སྡེའི་ལྟ་སྐོར་དང་ཤིང་ཏོག་འཐུ་བ། ཞིང་ཁྱིམ་སྤྲོ་ཁང་བཅས་གཞི་གཅིག་ཏུ་བསྡུས་ཤིང་གྲོང་གསེབ་ཀྱི་ཡུལ་སྐོར་གཅིག་སྡུད་ཐོག་འཕེལ་རྒྱས་གཏོང་རྒྱུ་རེད། མིག་དམར་ལགས་ཀྱིས་ད་ཐེངས་ནི་བྲག་ཕྱིབས་གྲོང་ཚོའི་ཐོན་ལས་ཀྱི་ཕྱོགས་སྒྱུར་ཐེངས་གསུམ་པ་ཡིན་པ་དང་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་ལ་བརྟེན་དགོས་ཞེས་གསུངས།

མིག་དམར་ལགས་ཀྱིས"ཐུན་མོང་དཔལ་འབྱོར་ནི་མཛུབ་མོ་ལྔ་པོ་ཁུ་ཚུར་བཅངས་པ་ལྟར་ཡིན་པས་སྟོབས་ཤུགས་ཆེ་ལ་ཕན་འབྲས་ཀྱང་ཆེ་བས་ཕྱུག་འགྱུར་ལམ་བུའི་ཐོག་མི་གཅིག་ཀྱང་རྗེས་སུ་ལུས་ཀྱི་མ་རེད"ཅེས་གསུངས།

དགུང་ལོ་73ལ་ཕེབས་པའི་གྲོང་མི་བསྟན་སྒྲོན་ལ་གློ་ནད་ཕོག་ནས་རྒྱུན་རིང་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བ་དང་། ངལ་རྩོལ་ནུས་ཤུགས་ཤོར་ཐོག་སྐབས་དེ་དུས་ཁོང་གི་བུ་ད་དུང་ནར་སོན་མེད་པས་2016ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་ཡོད། 2017ལོར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཧ་ཅང་མང་བས་བསྟན་སྒྲོན་གྱི་ཁྱིམ་ཚང་ལ་སྔ་རྗེས་སུ་ཁེ་སྤོགས་སྒོར་ཁྲི་13རག་ཡོད། ཁོང་གི་ཁང་པ་རྙིང་པ་དེའང་སྲིད་གཞུང་གི་རོགས་སྐྱོར་འོག་གསར་པ་བརྒྱབ་ཡོད།

གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱིས་མང་ཚོགས་ལ་སྦྱིན་པའི་དགེ་མཚན་ནི་མིག་མཐོང་ལག་ཟིན་ཡིན། བྲག་ཕྱིབས་གྲོང་ཚོའི་དགུང་ལོ་70ཡན་གྱི་རྒན་རྒོན་ལ་ལོ་ལྟར་གྲོང་ཚོ་ཐུན་མོང་ནས་རྒན་གསོའི་དངུལ་སྒོར་2500ལེན་ཐུབ་པ་དང་སློབ་ཆེན་སློབ་མར་དངུལ་གྲངས་གཅིག་པའི་སློབ་ཞུགས་རོགས་དངུལ་རག་གི་ཡོད།

"ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་བུ་རབས་ཚ་རྒྱུད་ལ་བྱ་གཞག་གི་རྨང་གཞི་འདིང་བ་དང་དབུལ་པོ་མི་རབས་ནས་མི་རབས་བར་བརྒྱུད་རྒྱུ་བཀག་འགོག་བྱ་ཆེད་ཡིན། གྲོང་ཚོ་ནས་ཕྱིར་བསྐྱོད་པའི་སློབ་ཆེན་སློབ་མ་སློབ་གྲྭ་ཐོན་རྗེས་གལ་སྲིད་གྲོང་ཚོར་ཕྱིར་ལོག་ཚེ་ཐོན་ལས་ཀྱི་རྒྱུན་འཛིན་པར་འགྱུར་ཐུབ་པས་མདུན་ལམ་ཆེན་པོ་ཡོད"ཅེས་མིག་དམར་ལགས་ཀྱིས་གསུངས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།