བོད་ལྗོངས་ཀྱི་ནུས་རྒྱུའི་ཁེ་ལས་ཀྱིས་རྡོ་སྣུམ་དང་གློག་བདེ་བླག་ངང་མཁོ་འདོན་བྱས་ནས་ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་འདེགས་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་རྡོ་སྣུམ་བོད་ལྗོངས་བྲིན་ཚོང་ཀུང་སི་དང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་སོགས་ཁེ་ལས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཏན་ཏིག་སྤེལ་བའི་རྨང་གཞིའི་ཐོག རྡོ་སྣུམ་དང་གློག་གི་ཐོན་ཁུངས་བཀོད་སྒྲིག་ཧུར་ཐག་དང་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ལྗོངས་སུ་རྡོ་སྣུམ་དང་གློག་བདེ་བླག་ངང་མཁོ་འདོན་ཐུབ་པར་བྱས་ནས་རང་ལྗོངས་ཀྱི་ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་འདེགས་སྐྱོར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་གོ་རྡོ་སྣུམ་བོད་ལྗོངས་བྲིན་ཚོང་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་ཐོན་ཁུངས་མཁོ་སྤྲོད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ཐོན་ཁུངས་འགན་ལེན་གྱི་སྔོན་བརྡ་གཏོང་བའི་ལམ་སྲོལ་བཙུགས་པ། གྲངས་གཞི་ཆེ་མོའི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་པ། ལྗོངས་ནང་ཁུལ་གྱི་སྣུམ་གྲུབ་མའི་ཐོན་ཁུངས་ཀྱི་དགོས་མཁོར་སྔོན་ཚུད་ནས་ཚོད་དཔག་དང་བརྡར་གཅོད་བྱས་པ། དེ་བཞིན་ཀྲུང་གོ་རྡོ་སྣུམ་ནུབ་བྱང་བྲིན་ཚོང་ཀུང་སི་དང་། མཚོ་སྔོན་གོར་མོའི་རྡོ་སྣུམ་བཟོ་གྲྭ ལན་ཀྲོའུ་རྡོ་སྣུམ་སོགས་ཚན་པ་འབྲེལ་བ་བྱས་ནས་བོད་འདྲེན་རྡོ་སྣུམ་ཐོན་ཁུངས་སྐོར་མཐུན་སྦྱོར་ཡང་བྱས་ཡོད། “ཉིན་རེའི་ཐུག་འཕྲད”ལམ་སྲོལ་ལག་ལེན་བསྟར་ཞིང་། ཀུང་སིའི་ཕྱོགས་བསྡུས་གཉེར་སྐྱོང་སྐྱེལ་འདྲེན་བཀོད་འདོམས་ལྟེ་གནས་ལས་སྟེགས་སུ་བྱས་ཏེ། ཆེད་དོན་མི་སྣ་ཉིན་ལྟར་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཡན་ལག་ཀུང་སིར་ཉིན་རེའི་ཆ་སྙོམས་བྲིན་ཚོང་བསྡོམས་འབོར་དང་། མཛོད་འཇུག ལམ་བར་དུ་ཡོད་པའི་ཆ་འཕྲིན་བཅས་འབྲེལ་མཐུད་བྱེད་པར་བཏང་ནས་ཆ་འཕྲིན་ཤར་གཏོང་དང་མཁོ་སྤྲོད་དུས་ཐོག་ཡོང་བའི་འགན་ལེན་བྱས་ཡོད། གཙོ་གནད་ས་ཁུལ་དང་། གཙོ་གནད་ལམ་ཐིག གཙོ་གནད་སྣུམ་སྣོན་ས་ཚིགས་བཅས་ལ“ས་ཁུལ་གཅིག་ལ་ཐབས་ཇུས་གཅིག ས་ཚིགས་གཅིག་ལ་ཐབས་ཇུས་གཅིག”གི་ཇུས་གཞི་ལག་ལེན་བསྟར་སྟེ། རྡོ་སྣུམ་ཐོན་ཁུངས་ཚན་རིག་དང་མཐུན་པའི་ངང་བཀོད་གཏོང་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གྲོང་ཁྱེར་ཁག་དང་ས་ཁུལ་ཁག་གི་ཡན་ལག་ཀུང་སིས་ཐོན་སྐྱེད་དང་གཉེར་སྐྱོང་བརྟན་པོའི་ངང་བྱེད་ཐུབ་པའི་འགན་ལེན་བྱས་ཡོད།

“མིག་སྔར་ཀྲུང་གོ་རྡོ་སྣུམ་བོད་ལྗོངས་བྲིན་ཚོང་ཀུང་སིའི་འཁོར་རྒྱུག་གནས་ཚུལ་ཁྱོན་ཡོངས་ནས་བརྟན་པོ་ཡོད་པ་དང་། ལྗོངས་ཡོངས་ཀྱི་སྣུམ་མཛོད་ཁག་དང་སྣུམ་སྣོན་ས་ཚིགས་ཁག་གིས་གོ་རིམ་ལྡན་པའི་ངང་གཉེར་སྐྱོང་བྱེད་པ་དང་འབྲེལ་སྣུམ་འདང་ངེས་ཀྱང་ཡོད་པ། རྡོ་སྣུམ་མཁོ་སྤྲོད་དང་སྣུམ་སྣོན་ཞབས་ཞུའི་ལས་དོན་ཁག་རྒྱུན་གཏན་ལྟར་སྤེལ་བཞིན་ཡོད”ཅེས་ཀྲུང་གོ་རྡོ་སྣུམ་བོད་ལྗོངས་བྲིན་ཚོང་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་ལེང་ཧྲེང་ཀོང་གིས་ངོ་སྤྲོད་བྱས་པ་རེད།

ལོ་འཁོར་གྱི་གཙོ་གནད་གློག་ཤུགས་ལས་གྲྭ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ཟླ་གཉིས་པའི་ཟླ་མཇུག་ཏུ་སླེབས་སྐབས་བོད་དབུས་དང་མངའ་རིས་ཀྱི་གློག་དྲ་འབྲེལ་མཐུད་ལས་གྲྭ་དང་མཐའ་སྲུང་དྲ་སྦྲེལ་གློག་ཆེན་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གློག་ཤུགས་ལས་གྲྭ་གལ་ཆེན་དང་རྣམ་གྲངས450ལས་འགོ་བསྐྱར་འཛུགས་བྱེད་ཚད75%ཟིན་པ་དང་ཟླ3ཚེས15ཉིན100%ཟིན་པའི་འགན་ལེན་བྱ་རྒྱུ་རེད།

དུས་མཚུངས་སུ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གློག་སྤྱོད་མཁན་གྲོང་མིར“གློག་རིན་ཆད་ཀྱང་གློག་གཏོང་མཚམས་མི་འཇོག་པ”དང་། “95598”ཞབས་ཞུའི་ཁ་པར། “དྲ་ཐོག་གི་རྒྱལ་ཁབ་གློག་དྲ”ཡི་ཉིན་མཚན་དབྱེར་མེད་ཀྱི་ཞབས་ཞུ་སོགས་གློག་མཁོ་འདོན་ཞབས་ཞུའི་འགན་ལེན་བྱེད་ཐབས་མང་པོ་བཏོན་པའི་རྨང་གཞིའི་ཐོག ལས་གཉེར་ཁུལ་དུ“གློག་སྤྱོད་ཤོང་ཚད་དམའ་རུ་གཏོང་རྒྱུ་དང་། མཚམས་འཇོག་བྱ་རྒྱུ། གློག་སྤྱོད་ཤོང་ཚད་དམའ་རུ་བཏང་བ་སླར་གསོ་བྱ་རྒྱུ། མཚམས་འཇོག་བྱས་པ་སླར་གསོ་བྱ་རྒྱུ”བཅས་ཀྱི་རེ་ཞུའི་ལས་སྒོ་གཉེར་བར་ཡོང་མཁན་ཁེ་ལས་རིགས། ཉི་མ་དེ་རང་ནས་བཟུང“གློག་སྤྱོད་མཚམས་འཇོག་ཡུན་ཉིན་15ལས་མི་ཉུང་བ་བྱེད་དགོས་པའི”ཚད་བཀག་རྩིས་མེད་གཏོང་རྒྱུ་ཡིན། མཚམས་འཇོག་བྱས་པའི་ཉིན་གྲངས་དངོས་གཞིར་བཟུང་། གཞི་རྩའི་གློག་རིན་རྩ་ཆག་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་གློག་སྤྱོད་མ་གནས་དམའ་རུ་གཏོང་གང་ཐུབ་ཅི་ཐུབ་བྱས་ནས་ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ལ་འདེགས་སྐྱོར་བྱ་རྒྱུ་ཡིན་ཞེས་སྔར་བས་གསལ་སྟོན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།