ཉིང་ཁྲིའི་སྲིད་དོན་ཞབས་ཞུས་ཐུག་འཕྲད་བྱེད་མི་དགོས་པར་དོན་དག་སྟབས་བདེའི་ངང་བསྒྲུབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་ལས་ཀའི་བསམ་ཕྱོགས་གསར་གཏོད་བྱེད་པ་དང་ལས་གཉེར་གོ་རིམ་ལེགས་སུ་གཏོང་བ། ཐུག་འཕྲད་བྱེད་མི་དགོས་པ་དང་འབྲེལ་གཏུག་བྱེད་མི་དགོས་པ་སོགས་ཀྱི་བྱ་ཐབས་སྤྱོད་པ། ཐབས་ལམ་མང་པོ་སྤྱད་དེ་མང་ཚོགས་ལ་སྤུས་ལེགས་སྟབས་བདེའི་སྲིད་དོན་ཞབས་འདེགས་ཞུ་བ་བཅས་བྱས་པས་ས་གནས་ཁག་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་ཕྱོད་རིམ་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།

དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ཅིང་། སྐད་འཕྲིན་དང་དྲ་ཚུགས་སོགས་ལས་སྟེགས་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་སྲིད་དོན་ཚོམས་ཆེན་སྐར་ཁུང་གི་ཞབས་ཞུའི་ལས་ཀའི་འབྲེལ་ཡོད་བརྡ་ཁྱབ་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ་ཁེ་ལས་དང་མང་ཚོགས་དོན་དག་སྒྲུབ་པར་དྲ་ཐོག་ལས་གཉེར་གཙོ་བོ་བྱེད་དགོས་ལུགས་ཁ་གསལ་བཏོན་ནས་མི་སྣ་འདུ་འཛོམས་དང་ཐད་ཀར་འབྲེལ་བ་བྱེད་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱས་ཐོག་མང་ཚོགས་ཕར་འགྲོ་ཚུར་འོང་ཉུང་ཙམ་དང་གྲངས་གཞི་མང་ཙམ་སྤྱོད་ཐུབ་པ་དངོས་འབྲེལ་བྱས་ཡོད་པ་རེད།

ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ཅིང་། དྲ་ཐོག་ལས་གཉེར་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། སྲིད་དོན་ཞབས་ཞུ་དྲ་ཐོག་ཏུ་གཉེར་བའི་དོན་ཚན་གྱི་གོ་རིམ་འཐུས་སྒོ་ཚང་དུ་གཏོང་བ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ངོ་ཐུག་གདོང་འཕྲད་ཀྱི་ལས་སྒོར་ཞིབ་མཆན་འགོད་ཉུང་དུ་གཏོང་བ། དོན་དག་སྒྲུབ་མཁན་མང་ཚོགས་ཚོར་དྲ་ཐོག་ལས་གཉེར་དང་སྔོན་མངགས་ལས་གཉེར་བྱེད་རྒྱུའི་ཁྲིད་སྟོན་བྱེད་པ། སྔོན་མངགས་ཀྱི་གནས་ཚུལ་ལ་གཞིགས་ནས་སྐར་ཁུང་གི་ལས་རེས་མི་སྣ་བཀོད་སྒྲིག་ལུགས་མཐུན་བྱེད་པ་བཅས་བྱས་ནས་མང་ཚོགས་ཀྱི་དོན་དག་སྒྲུབ་པའི་དགོས་མཁོ་བསྐངས་ཤིང་། ཟླ་2ཚེས་3ཉིན་ནས་བཟུང་། གྲོང་ཁྱེར་དེ་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱིས་ལས་སྒོ་50ལྷག་ཙམ་གཉེར་ཡོད་པ་རེད།

སྤྱི་པའི་འཕྲོད་བསྟེན་ལ་ཤུགས་སྣོན་བརྒྱབ་ཅིང་། སྲིད་དོན་ཚོམས་ཆེན་གྱི་རླུང་འགྲོ་ཡག་པོ་མེད་པ་དང་མི་སྣ་འདུ་འཛོམས་བྱེད་ཚད་ཅུང་མཐོ་བའི་དོན་དངོས་ལ་དམིགས་ནས། ཉིང་ཁྲི་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ལྟེ་གནས་ཁག་གིས་ཚོམས་ཆེན་ནང་དུ་འཛུལ་མཁན་གྱིས་ངེས་པར་དུ་ཁ་རས་རྒྱག་པ་དང་། རང་ངོས་འགོག་སྲུང་ཡག་པོ་བྱེད་པ། རང་འགུལ་ངང་ཚ་བ་བརྟག་དཔྱད་དང་ལེན་བྱེད་པ། ཆ་འཕྲིན་ཐོ་འགོད་བྱེད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། སྐར་ཁུང་སྡེ་ཚན་ལ་མཁོ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཐབས་ཤེས་གང་ཡོད་ཀྱིས་འགན་ལེན་བྱས་ཏེ་སྤྱི་པའི་ཞབས་ཞུའི་ས་ཁོངས་དང་གཞུང་ལས་སྒྲུབ་ཁུལ་དུ་གཙང་སྦྲ་དུག་སེལ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས་ལས་དོན་མི་སྣར་བདེ་འཇགས་ལྡན་པའི་ལས་ཀའི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།