བོད་ལྗོངས་ཀྱིས་སྤུས་ལེགས་ཤེས་ལྡན་མི་སྣ་ཁྱབ་ཆུང་ངང་དྲ་ཐོག་ནས་གདན་ཞུ་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་དང་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྤེལ་རྒྱུ་གཉིས་ཀར་འཐུས་ཤོར་མི་ཡོང་བའི་ཆེད།  སྤྱི་ཟླ3པའི་ཚེས1 ཉིན་ལྗོངས་མི་རྒྱུན་ཐོན་ཁུངས་ཁྲོམ་ར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱིས་སྤུས་ལེགས་ཤེས་ལྡན་མི་སྣ་ཁྱབ་ཆུང་ངང་དྲ་ཐོག་ནས་གདན་ཞུ་བྱེད་རྒྱུའི་སྤྱི་ལོ2020ལོའི་དུས་ཐེངས་ལྔ་པའི་སྤྱི་བསྒྲགས་སྤེལ་བ་དང་ཆབས་ཅིག  མི་བེད་སྤྱོད་གཏོང་མཁན་ཚན་པས་མཁོ་འདོན་བྱས་པའི་ལས་གནས་ཆ་འཕྲིན་དང་འབྲེལ་གཏུག་བྱེད་ཐབས་སོགས་ཆ་འཕྲིན་བཀོད་ཡོད་པས།  ལས་ཀ་འཚོལ་མཁན་གྱིས་དུས་དང་རྣམ་པ་ཀུན་ཏུ་མི་བེད་སྤྱོད་གཏོང་མཁན་ཚན་པར་འབྲེལ་བ་དང་ཤེས་རྟོགས་བྱེད་ཆོག་གི་ཡོད།

ད་ཐེངས་ཀྱི་དྲ་རྒྱའི་གདན་ཞུའི་ནང་བོད་རང་སྐྱོང་ལྗོངས་སྨན་རྫས་ཚད་ཡོད་འགན་འཁྲི་ཀུང་སི་དང་ཁྲེང་ཏུ་ཀྲུང་གོ་སྦྲག་སྲིད་མཐོ་འཕྲིན་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི་སོགས་མི་བེད་སྤྱོད་ཚན་པ36ཞུགས་ཡོད་པ་དང་།  ལས་གནས379མཁོ་འདོན་བྱས་ཡོད་པ་དེ་དག་གསར་འགྱུར་རིག་པ་དང་རྒྱ་ཡིག་རྩོམ་རིག  བྲིན་ཚོང་དོ་དམ།  ཟོག་འགྲེམས་དོ་དམ།  རྩིས་འཁོར་དང་ནོར་དོན་དོ་དམ་སོགས་ཆེད་ལས་དང་འབྲེལ་བ་ཡོད། 

ངོ་སྤྲོད་བྱས་པར་གཞིགས་ན། 2020ལོའི་ཟླ2པའི་ཚེས19ཉིན་ནས་བཟུང་།  ལྗོངས་མི་རྒྱུན་ཐོན་ཁུངས་ཁྲོམ་ར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱིས་ས་གནས་ས་ཐོག་ཏུ་སྤུས་ལེགས་ཤེས་ལྡན་མི་སྣ་ཁྱབ་ཆུང་ངང་གདན་ཞུ་བྱེད་རྒྱུ་དེ་དྲ་ཐོག་ནས་གདན་ཞུ་བྱེད་པར་འགྱུར་ཡོད་པ་དང་།  གཟའ་འཁོར་རེར་དྲ་རྒྱའི་ཐོག་གདན་ཞུའི་ཆ་འཕྲིན་ཐེངས་རེ་ཁྱབ་བསྒྲགས་བྱས་ནས་ངོ་འཕྲད་གདོང་ཐུགས་མི་དགོས་པར་སྤྱི་པའི་གདན་ཞུའི་ཞབས་ཞུ་ལོངས་སྤྱོད་ཆོག་གི་ཡོད།  ནད་ཡམས་ཀྱི་ཉེན་ཁ་ལས་གྲོལ་རྗེས་ས་གནས་ས་ཐོག་ཏུ་གདན་ཞུ་བྱེད་པའི་རྣམ་པ་སླར་གསོ་བྱ་རྒྱུ་རེད།  སྤྱི་ཟླ3པའི་ཚེས1ཉིན་བར།  བོད་རང་སྐྱོང་ལྗོངས་མི་རྒྱུན་ཐོན་ཁུངས་ཁྲོམ་རས་དྲ་ཐོག་བརྒྱུད་མི་བེད་སྤྱོད་གཏོང་མཁན་ཚན་པ106གིས་མཁོ་འདོན་བྱས་པའི་ལས་གནས་ཀྱི་ཆ་འཕྲིན1907བཀོད་ཡོད། གལ་ཏེ་མོས་འདུན་ཡོད་ཚེ་ལས་ཀ་འཚོལ་མཁན་ཚོས་ཁ་པར0891 -6598913དང་ཡང་ན་བོད་ལྗོངས་མི་རྒྱུན་ཐོན་ཁུངས་ཁྲོམ་རའི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་དེ་བས་ཞིབ་ཅིང་ཕྲ་བའི་ཆ་འཕྲིན་ཤེས་རྟོགས་བྱེད་ཆོག་པ་ཡིན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།