ཉིང་ཁྲིས་ནད་ཡམས་འགོག་ཟོན་ཁྲོད་ངོ་འཕྲད་འབྲེལ་གཏུགས་མི་བྱས་པར་སྲིད་དོན་ཞུབས་ཞུ་གཉེར་སྒྲུབ་བྱས།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་རིམ་ཁག་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་དེང་སྐབས་ནད་ཡམས་འགོག་ཟོན་གྱི་དུས་བབ་ལ་དམིགས་ཏེ།  ལས་ཀའི་བསམ་ཕྱོགས་གསར་གཏོད་དང་ལས་རིམ་ལེགས་སུ་གཏོང་བ།  ངོ་འཕྲད་འབྲེལ་གཏུགས་མི་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་མང་ཚོགས་ལ་སྤུས་ལེགས་དང་སྟབས་བདེའི་སྲིད་དོན་ཞབས་ཞུ་སྒྲུབ་ཡོད།   

ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཚོམས་ཆེན་ནང༌ལས་སྒོ་གཉེར་བར་ཡོང་མཁན་མང་པོ་མེད་ཀྱང་ལས་དོན་པ་ཚོས་བྲེལ་འཚུབ་ཆེན་པོས་དྲ་ཐོག་ནས་ལས་སྒོ་ཁག་གཉེར་བཞིན་ཡོད།  ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ཟླ2པའི་ཚེས29ཉིན་བར།  ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནསཀྱིས་ཁྱོན་ལས་སྒོ197གཉེར་བའི་ནང་དྲ་ཐོག་ནས་ལས་སྒོ12གཉེར་ཡོད།

ད་ལོའི་སྤྱི་ཟླ2པའི་ཚུན་དུ།  ཉིང་ཁྲི་གྲོང་ཁྱེར་གྱིས་མཉམ་སྦྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་ཟུང་བྲེལ་གྱི་ཐབས་ལམ་ཁྱབ་གདལ་བཏང་ནས།  མང་ཚོགས་ཚོས་བོད་ཀྱི་སྲིད་དོན་ཞབས་ཞུའི་དྲ་བ་དང་བོད་ལྗོངས་སྲིད་དོན་ཁ་པར་པར་གཞི།  བོད་ལྗོངས་སྲིད་དོན་གྱི་འཕྲིན་ཕྲན་སྟེགས་བུ་སོགས་བརྒྱུད་ནས་ལས་སྒོ་ཁག་གཉེར་སྒྲུབ་བྱེད་རྒྱུར་འབོད་སྐུལ་བྱས་པ་རེད།  ཉིང་ཁྲི་གྲོང་ཁྱེར་གྲོང་གསེབ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུའི་ཐོག་སྡོད་ཁང་སྤྱི་གསོག་མ་དངུལ་གསོག་འཇོག་དང་ལེན་པ།  དངུལ་བུན་གཏོང་བ་སོགས་ཀྱི་ལས་སྒོ་ཚང་མ་གཉེར་སྒྲུབ་བྱེད་ཆོག་གི་ཡོད།  
ཉིང་ཁྲི་གྲོང་ཁྱེར་གྲོང་གསེབ་སྡོད་ཁང་འཛུགས་སྐྲུན་ཅུད་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཁོའོ་ཡོན་ནོར་བུ་ཚེ་རིང་གིས་ངོ་སྤྲོད་གནང་བར་གཞིགས་ན།  འཛད་སྤྱོད་པས་དྲ་ཐོག་ནས་འབྲེལ་ཡོད་དཔྱད་གཞི་ཕུལ་རྗེས་ལས་དོན་པ་ཚོས་ཞིབ་དཔྱད་བྱས་ཏེ།  དཔྱད་གཞི་མི་ཚང་བ་སོགས་ཀྱི་གནད་དོན་ཡོད་ཚེ་ཕྱིར་ལོག་བྱེད་ཀྱི་ཡོད་པ་མ་ཟད།  དཔྱད་གཞི་མི་ཚང་བ་གང་ཡོད་པ་ཟུར་མཆན་འགོད་ཀྱི་ཡོད་པས་ལས་སྒོ་གཉེར་སྐབས་སྟབས་བདེ་པོ་ཡོད་པ་རེད།  

ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་སྡོམ་ཅུད་ཀྱིས་ཁྲོམ་རར་ཞིབ་བཤེར་བྱེད་རྒྱུ་གོ་སྐབས་སུ་འཛིན་ཏེ།  ཁྲོམ་རའི་བྱེད་པོར་དོགས་གནད་ཡོད་ཚེ་ས་གནས་ས་ཐོག་ཏུ་སྐྱོད་མི་དགོས་པར་ཁ་པར་བརྒྱུད་འབྲེལ་བ་བྱེད་རྒྱུར་སྐུལ་འདེད་གཏོང་གི་ཡོད་པ་དང་ཆབས་ཅིག  ཁ་པར་དང་འཕྲིན་ཕྲན་ཐོག་ནས་དྲ་ཐོག་རེ་ཞུའི་བཀོལ་སྤྱོད་འགྲོ་ལུགས་གཉེར་རྒྱུར་མཛུབ་ཁྲིད་བྱས་ནས།  མང་ཚོགས་ཚོ་ས་གནས་ས་ཐོག་ཏུ་སྐྱོད་མི་དགོས་པར་ཁེ་ལས་ཀྱི་ཐོ་འགོད་དང་བརྗེ་བསྒྱུར།  འཛུགས་པ་སོགས་ཀྱི་ལས་སྒོ་གཉེར་ཆོག་གི་ཡོད།

གཞན་ཡང༌།  ཉིང་ཁྲི་གྲོང་ཁྱེར་ཚན་པ་ཁག་གིས་ད་དུང༌དྲ་ཐོག་ནས་ལས་སྒོ་གཉེར་མི་ཐུབ་མཁན་ལ་ཁ་པར་ཐོག་ནས་ཁ་ཆད་བཟོས་ཏེ།  ལས་སྒོ་གཉེར་གྱི་ཡོད་པས་སྟབས་བདེ་པོ་ཡོད།  སྤྱི་ཟླ2པའི་ཚེས3ནས་ད་བར་དྲ་ཐོག་ནས་ཁྱོན་ལས་སྒོ327གཉེར་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།