བོད་ལྗོངས་ཀྱིས་སློབ་གསོའི་ལས་རིགས་ནས་རིམས་ནད་སྔོན་འགོག་བྱས་ཚུལ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཟླ3པའི་ཚེས1ཉིན་གྱི་སྔ་དྲོ་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་ནས།  ལྗོངས་ཡོངས་ཀྱི་སློབ་གསོའི་ལས་རིགས་ཁོངས་གཏོགས་ཀྱིས་ཏོག་དབྱིབས་གསར་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་ཚུལ་ངོ་སྤྲོད་བྱས་པ་མ་ཟད་གསར་འགོད་པའི་དྲི་བར་ལན་ཡང་བཏབས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།  རང་སྐྱོང་ལྗོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་སྤེལ་ཚུན།  ལྗོངས་ཡོངས་ཀྱི་སློབ་གསོའི་ལས་རིགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སློབ་འགོ་འཛུགས་པའི་དུས་ཚོད་གཅིག་གྱུར་བཟོ་བ།  སློབ་གྲྭ་བཀག་སྡོམ་དོ་དམ་བྱེད་པ།  རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཚུལ་ལ་ཞིབ་བཤེར་བྱེད་པ།  སློབ་འགོ་འཛུགས་པའི་གྲ་སྒྲིག་བྱེད་པ།  གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ།  རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཕྱོགས་བདུན་ཐད་ཀྱི་ལས་ཀ་གཙོ་གནད་ཐོག་བཀོད་སྒྲིག་བྱས་པས།  ད་བར་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་རིགས་ཁྲོད་རིམས་ནད་སྔོན་འགོག་ཚོད་འཛིན་བརྟན་པོ་ཐུབ་ཡོད།

ཏང་ཀྲུང་དབྱང་དང་སློབ་གསོ་པུའི་བཀོད་སྒྲིག་དང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་ལྟར།  རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་སློབ་འགོ་འཛུགས་པའི་དུས་ཚོད་ནར་འགྱངས་བྱེད་རྒྱུའི་ཇུས་གཞི་དང་ལས་ཀའི་ཕྱོགས་སྟོན་བཟོས་ཏེ།  ལྗོངས་ཡོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་འགོ་འཛུགས་པའི་དུས་ཚོད་དེ་གནས་སྐབས་སྤྱི་ཟླ3པའི་ཟླ་མཇུག་ཏུ་གཏན་འཁེལ་བྱས་པ་དང༌།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ཏེ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭས་སློབ་འགོ་འཛུགས་རྒྱུར་གཅིག་གྱུར་འཆར་འགོད་བྱེད་རྒྱུ་རེད།

གོམ་སྟབས་རྗེས་མར་སློབ་གསོ་ཐིང་གིས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ལས་ཀའི་བྱ་ཐབས་ཞིབ་ཕྲ་བཟོ་བ།  ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བརྒྱུད།  རྒྱ་ཆེའི་དགེ་སློབ་དང་ལས་མིའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོབ་བྱས་ཏེ།  རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང༌།  བདེ་འཇགས།  བྱ་གཞག་གོང་འཕེལ་བཅས་ཕྱོགས་ཡོངས་ལ་སྐུལ་འདེད་གཏོང་ཐུབ་པ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།