འདི་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིའི་ལས་གཉེར་ཚོམས་ཆེན་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཁེ་ལས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་ནུས་ཤུགས་ཡོད་དགུའི་རོགས་འདེགས་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་དུས་མཚམས་རང་བཞིན་གྱི་གློག་སྤྱོད་མ་གནས་དམའ་རུ་གཏོང་བའི་སྲིད་ཇུས་བཏོན་ཞིང་། སྔོན་དཔག་བྱས་ན་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཁྲི2.4ཡི་གློག་སྤྱོད་མ་གནས་དམའ་རུ་བཏང་བ་དང་གློག་རིན་སྒོར་ཁྲི5900ཙམ་རྩ་ཆག་གཏོང་རྒྱུ་རེད།
ཐེངས་འདིའི་དུས་མཚམས་རང་བཞིན་གྱི་གློག་སྤྱོད་མ་གནས་ཉུང་དུ་གཏོང་བའི་དུས་ཚོད་དེ་ཟླ2པའི་ཚེས1ཉིན་ནས་ཟླ6པའི་ཚེས30ཉིན་བར་ཡིན་པ་དང་། ནུས་རྒྱུ་ཟད་གྲོན་ཆེ་བའི་ལས་རིགས་མ་གཏོགས་ད་ལྟ་ལག་ལེན་བསྟར་བའི་བཟོ་ཚོང་ལས་རིགས་དང་གློག་རིན་གཞན་དག་གི་གློག་ཤུགས་སྤྱོད་མཁན་གྱི་གློག་རིན་བསྡུ་སྐབས་དེ་སྔའི་ཁྱིམ་ཚང་གི་གློག་རིན་གྱི95%གཞིར་བཟུང་གཅིག་གྱུར་རྩིས་རྒྱག་རྒྱུ་རེད།
འདི་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིའི95598བོད་སྐད་འཕྲིན་གཏོང་ཞབས་ཞུ་ལྟེ་གནས་རེད།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་དུས་མཚམས་རང་བཞིན་གྱི་གློག་སྤྱོད་མ་གནས་དམའ་རུ་བཏང་བ་དང་རིན་གོང་གཅོག་པའི་གཟིགས་སྐྱོང་འགྲོ་གྲོན་ཚང་མ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་འགན་འཁུར་བ་ལས་གློག་གཏོང་ཁེ་ལས་སོགས་སྟོད་རྒྱུད་ཁེ་ལས་ལ་བརྒྱུད་འདྲེན་བྱེད་ཀྱིན་མེད། 2020ལོའི་ཟླ2པར་གློག་རིན་གྱི་རིན་གོང་གཅོག་པའི་གཟིགས་སྐྱོང་ཆ་ཤས་དེ་ཟླ3པར་གློག་རིན་སྤྲོད་སྐབས་དུད་ཚང་རེ་རེ་བཞིན་ཉུང་དུ་གཏོང་རྒྱུ་དང་། ཟླ3པ་ནས་ཟླ6པའི་བར་རིན་གོང་གཅོག་པའི་གཟིགས་སྐྱོང་ཆ་ཤས་དེ་ཟླ་དེ་གར་གློག་རིན་སྤྲོད་སྐབས་ཐད་ཀར་འཕྲི་འཐེན་བྱ་རྒྱུ་རེད།
དུས་མཚམས་རང་བཞིན་གྱི་ཁེ་ལས་ཀྱི་གློག་སྤྱོད་མ་གནས་དུད་ཚང་དུ་དམའ་རུ་གཏོང་རྒྱུར་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་མཁོ་མཁན་གྱིས་ཐོ་འགོད་བྱས་པའི་ལས་གཉེར་ལག་ཁྱེར་ཁྲོད་ཀྱི་གཉེར་སྐྱོང་ཁྱབ་ཁོངས་གཞི་འཛིན་སར་བྱས་ནས་མ་གནས་གཅོག་པའི་ཁྱབ་ཁོངས་དབྱེ་འབྱེད་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཏུ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་གློག་སྒྱུར་གློག་གཏོང་ལྷུ་ཚིགས་ཀྱི་ལུགས་མཐུན་མིན་པའི་རིན་གོང་སྤར་བའི་བྱ་སྤྱོད་གཙང་བཤེར་དང་ཚད་ལྡན་དུ་བཏང་སྟེ་གློག་རིན་རྩ་ཆག་བཏང་བའི་སྲིད་ཇུས་ཀྱི་ཁེ་སྤོགས་གློག་ཤུགས་མཁོ་མཁན་ལ་བརྒྱུད་འདྲེན་བྱ་རྒྱུ་རེད།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ད་དུང་ལས་གཉེར་ཚོམས་ཆེན་དུ་སྤྱི་བསྒྲགས་སྦྱར་བ་དང་། “དྲ་ཐོག་རྒྱལ་ཁབ་དྲ་བ”དང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི་སྐད་འཕྲིན་སྤྱི་རྟགས། 95598དྲ་ཚིགས་སོགས་ཀྱི་ཐབས་ལམ་བརྒྱུད་དེ་རྒྱ་ཆེའི་མཁོ་མཁན་ལ་དུས་མཚམས་རང་བཞིན་གྱི་གློག་སྤྱོད་མ་གནས་དམའ་རུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། དུས་མཚམས་རང་བཞིན་གྱི་ཁེ་ལས་ཀྱི་མ་གནས་ལག་བསྟར་དང་ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། གློག་ཤུགས་མཁོ་མཁན་ལ་བློ་འདྲི་ལན་སྤྲོད་ཡག་པོ་བྱེད་པ། སྲིད་ཇུས་ལག་བསྟར་གྱི་དོགས་འདྲི་དང་གྲོས་འགོ་དུས་ཐོག་ཏུ་ཐག་གཅོད་བྱེད་པ། ཁེ་ལས་ཀྱི་མ་གནས་གཅོག་པའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་དང་ལག་བསྟར་ཐུབ་པར་འགན་ལེན་བཅས་བྱས་ནས་བོད་ལྗོངས་ཀྱི་ཁེ་ལས་བསྐྱར་དུ་ལས་འགོ་ཚུགས་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་སྔོན་དཔག་བྱས་ན་གློག་རིན་སྒོར་ཁྲི5900རྩ་ཆག་གཏོང་རྒྱུ་རེད།