བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་གྲགས་ཅན་མང་པོས་སྨན་དོན་མི་སྣར་སྤ་སེ་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་ལས་ཁུངས་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་མང་པོས་སྨན་དོན་མི་སྣ་སྤ་སེ་མི་དགོས་པར་གཏོང་རྒྱུ་རེད། ངོ་སྤྲོད་བྱས་པ་ལྟར་ན། 2020ལོར་བོད་ལྗོངས་ཀྱི་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཏེ། ཡར་ཀླུང་གཙང་པོའི་རོང་ཆེན་དང་། ཡར་ཉི་འདམ་ར། མངའ་རིས་ཀྱི་གནས་རི་བླ་མཚོ་མཛེས་ལྗོངས་ཁུལ་བཅས་ཀྱིས་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣ་གནས་སྐོར་དུ་ཡོང་བར་སྤ་སེ་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།

སྲིད་ཇུས་དེ་མཛེས་ལྗོངས་ཁུལ་དངོས་སུ་སྒོ་ཕྱེ་བ་ནས2020ལོའི་ཟླ12པའི་ཚེས31ཉིན་བར་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེའི་རིང་སྨན་དོན་མི་སྣས་འབྲེལ་ཡོད་ཀྱི་ལས་ཀའི་དཔང་ཡིག(སྨན་པ་བཀའ་བཅུ་པའི་ལག་ཁྱེར་དང་སྨན་གཡོག་གི་ལག་ཁྱེར)འཁྱེར་ཏེ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ལྟེ་གནས་སུ་རིན་པ་མི་དགོས་པའི་སྤ་སེའི་འགྲོ་ལུགས་གཉེར་བར་བསྐྱོད་ན་གཟིགས་སྐྱོང་སྲིད་ཇུས་དེ་ལོངས་སུ་སྤྱོད་ཆོག

ཐེངས་འདིའི་སྤ་སེ་མི་དགོས་པའི་ཁོངས་སུ་ཡར་ཀླུང་གཙང་པོའི་རོང་ཆེན་དང་མངའ་རིས་ཀྱི་གནས་རི་བླ་མཚོ་སོགས་བོད་ཀྱི་ཡུལ་སྐོར་གྱི་ལྟེ་བའི་མཛེས་ལྗོངས་ཁུལ་ཚུད་ཡོད། རྒྱལ་ཁབ་ཀྱིAAAAརིམ་པའི་མཛེས་ལྗོངས་ཁུལ་ཡིན་པའི་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་མཛེས་ལྗོངས་ཁུལ་དང་། ཕོ་བྲང་པོ་ཏ་ལ། ཇོ་མོ་གླང་མ་གསུམ་ནི་བོད་རང་སྐྱོང་ལྗོངས་ཀྱི་འཛམ་གླིང་རིམ་པའི་མཛེས་ལྗོངས་ཁུལ་ཆེ་གྲས་གསུམ་ཡིན་པ་མ་ཟད། ཡར་ཀླུང་གཙང་པོའི་རོང་ཆེན་ནི། ཡུལ་སྐོར་བའི་དགའ་བསུ་ཆེ་ཤོས་ཐོབ་པའི་ཉིང་ཁྲི་གྲོང་ཁྱེར་གྱི་རང་བྱུང་ས་ཁམས་མཚོན་རྟགས་ཀྱི་ཡུལ་སྐོར་ཁུལ་ཀྱང་ཡིན། གངས་དཀར་ཏི་སེའི་རིག་གནས་འཁོར་རྒྱའི་དབུས་རྒྱུད་དུ་གནས་པའི་མངའ་རིས་ཀྱི་གནས་རི་བླ་མཚོ་མཛེས་ལྗོངས་ཁུལ་ནི། ལོ་རྒྱུས་ཡུན་རིང་ལྡན་ཞིང་ད་བར་རྒྱུན་འཛིན་བྱུང་བའི་བོན་ཆོས་དར་ཡུལ་ཡིན་པ་མ་ཟད། “ཞང་ཞུང”དང“གུ་གེའི”དཔལ་ཡོན་གྱི་ལྟེ་བའི་ཁུལ་ཀྱང་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།