བོད་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར104.61བཏང་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིས་ཆེད་དོན་དངུལ་བུན་བསྐྱར་མ་བཏང་སྟེ་བོད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁེ་ལས་ལ་རོགས་རམ་བྱ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་ཧུར་ཐག་བཏང་བ་དང་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་སྟེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་པ་རེད། ཟླ2པའི་ཚེས25ཉིན་བར་བོད་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ལ་དངུལ་བུན་ཐེངས་གྲངས709དང་བསྡོམས་མ་དངུལ་སྒོར་དུང་ཕྱུར104.61བཏང་བ་རེད།

     ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེ་ཙམ་ཕོག་པའི་སྡེབ་ཚོང་སིལ་ཚོང་དང་། མགྲོན་ཁང་། ཟ་ཁང་། ཟོག་འགྲེམས་སྐྱེལ་འདྲེན། རིག་གནས་ཡུལ་སྐོར་སོགས་ཀྱི་ལས་རིགས་དང་། དེ་བཞིན་འཕེལ་རྒྱས་ཀྱི་མདུན་ལམ་བཟང་པོ་ཡོད་ཀྱང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་གནས་སྐབས་དཀའ་ངལ་འཕྲད་པའི་ཁེ་ལས། ལྷག་དོན་དུ་ཕྲན་ཚེགས་ཁེ་ལས་བཅས་ལ་རྨོངས་ཚོད་ངང་དངུལ་བུན་ལེན་པ་དང་། དངུལ་བུན་གཏོང་མཚམས་འཇོག་པ། དངུལ་བུན་ནར་འགྱངས་བྱེད་པ་བཅས་བྱེད་མི་རུང་། རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ཁེ་ལས་ཀྱི་དངུལ་བུན་འཇལ་བའི་དུས་ཚོད་ཟིན་ཡང་དངུལ་བུན་འཇལ་བར་དཀའ་ངལ་འཕྲད་ཚེ་དུས་ཡུན་རིང་དུ་གཏོང་བའམ་ཡང་ན་མུ་མཐུད་དངུལ་བུན་གཡར་ཆོག་ཅེས་བརྗོད།

གཞན་ཡང་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཆེད་མི་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་བཏང་ནས་དངུལ་ཁང་དང་འབྲེལ་མཐུད་བྱས་ཏེ་དངུལ་བུན་གཏོང་བར་སྐུལ་འདེད་བཏང་བ་དང་། དངུལ་རྩའི་སྒྲིག་གཞིས་འཕྲལ་སྡོམ་བརྡ་ལན་ཞུ་འགོ་འཛུགས་པ་དང་། འཕྲལ་དོན་འཕྲལ་སྒྲུབ་བྱེད་པ། ཁེ་ལས་དང་འབྲེལ་མཐུད་བྱས་རྗེས་ཉིན་གཅིག་གམ་རིང་ཤོས་ཉིན་གཉིས་ནང་དངུལ་བུན་ཚང་མ་བཏང་ཚར་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བོད་ལྗོངས་ཐན་ཧྲེང་དུག་སེལ་བཟོས་རྫས་ཚད་ཡོད་ཀུང་སི་ནི་བོད་དུ་དུག་སེལ་བཟོས་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས་འབའ་ཞིག་དེ་ཡིན་པ་དང་ད་ཐེངས་ཆེད་དོན་དངུལ་བུན་བསྐྱར་མ་སྒོར་ཁྲི573རག་ནས་དངུལ་བུན་དེ་དག་དུག་སེལ་བཟོས་རྫས་ཀྱི་རྒྱུ་ཆ་ཉོ་བ་དང་ཐོན་སྐྱེད་བརྒྱུད་རིམ་ལེགས་བཅོས་བྱེད་པར་བཏང་བ་རེད། བོད་རང་སྐྱོང་ལྗོངས་སྨན་རྫས་ཚད་ཡོད་འགན་འཁྲི་ཀུང་སི་ནི་སྨན་རྒྱུ་དང་སྨན་བཅོས་ཡོ་ཆས་ཐོན་སྐྱེད་དང་ཕྱིར་ཚོང་གཞི་གཅིག་ཏུ་སྒྲིལ་བའི་ཡུལ་དེ་རང་གི་ཁེ་ལས་ཤིག་ཡིན་པ་དང་རིམས་ནད་ཐོན་རྗེས་ཆེད་དོན་དངུལ་བུན་བསྐྱར་མ་སྒོར་ཁྲི1000རག་པ་དེ་དག་ཐོན་སྐྱེད་རྒྱ་ཆེར་གཏོང་བ་དང་སྨན་རྫས་བཟོས་རྫས་ཀྱི་བརྒྱུད་རིམ་ལེགས་བཅོས་བྱེད་པར་བཏང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རིམས་ནད་ཐོན་ནས་ད་བར་བོད་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་དམངས་གཉེར་ཁེ་ལས་དང་ཕྲན་ཚེགས་ཁེ་ལས583ལ་རྒྱབ་སྐྱོར་བྱས་པ་རེད། གོམ་སྟབས་རྗེས་མར་དངུལ་རྩའི་སྒྲིག་གཞིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། དཔྱིད་རྨོད་དཔྱིད་གྲབས། ལས་གཏོད་ལས་ཞུགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁྲིད་སྟོན་ཏན་ཏིག་བྱས་ཏེ་ཁེ་ལས་ཀྱི་ལུགས་མཐུན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་འགན་ལེན་བྱེད་པ་དང་བོད་ཀྱི་དཔལ་འབྱོར་མུ་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།