ཉིང་ཁྲི་གྲོང་ཁྱེར་གྱིས་འཕྲལ་མཁོ་ཆེ་བའི་དངོས་ཟོག་འཁོར་རྒྱུག་ལ་འགན་སྲུང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་དུ་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་ཁ་གསབ་དང་འགུལ་རྣམ་གྱི་ལྟ་འདོམས་སོགས་བྱ་ཐབས་དོན་འཁྱོལ་ཧུར་ཐག་བྱས་ནས། ཚོང་ཁང་སྒོ་འབྱེད་པ་དང་དངོས་ཟོག་འཁོར་རྒྱུག་ལ་འགན་ལེན་བྱེད་པའི་ལས་དོན་ཏན་ཏིག་བསྒྲུབས་པ་རེད། མིག་སྔར། གྲོང་ཁྱེར་ཡོངས་སུ་རྒྱུན་གཏན་ལྟར་ཚོང་གཉེར་བྱེད་པའི་ཚོང་དུད2035ཡོད་པ་དང་། རྒྱུན་གཏན་བཞིན་འཁོར་རྒྱུག་བྱེད་པའི་ཟོག་འགྲེམས་ཁེ་ལས་8ཡོད་པས། འཚོ་བའི་མཁོ་ཆས་དང་རིམས་འགོག་དངོས་ཟོག་གིས་མིག་སྔའི་དགོས་མཁོ་སྐོང་ཐུབ་པ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱིས་དགུན་ཁའི“ཁྲོམ་ར་བརྟན་གཏོང་དང་། ཡུལ་སྐོར་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པའི”བྱེད་སྒོར་ཞུགས་ནས་རྒྱུན་གཏན་བཞིན་ཚོང་གཉེར་བྱེད་མཁན་ཚོང་ཁང་ལ་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ་དང་། དེ་མིན་གྱི་ཚོང་གཉེར་བྱེད་དགོས་རིགས་ཀྱི་ཚོང་ཁང་ལ་འཕྲོད་བསྟེན་བདེ་ཐང་དང་ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་གྱི་ཞིབ་བཤེར་ཚད་ལེན་ལོན་པ་བརྒྱུད་ཚོང་གཉེར་བྱེད་འགོ་ཚུགས་པ་དང་སྦྲགས། འགུལ་རྣམ་གྱི་ལྟ་འདོམས་ལམ་སྲོལ་དང་ཚོང་གཉེར་སྙན་ཞུའི་ལམ་སྲོལ་ལག་ལེན་བསྟར་བ་རེད། དངོས་ཟོག་འགན་ལེན་བྱེད་པའི་ཐད་ཉིང་ཁྲི་གྲོང་ཁྱེར་གྱིས་མུ་མཐུད་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་དངོས་ཟོག་འཁོར་རྒྱུག་བགྲོད་ལམ་ཤར་གཏོང་རྒྱུན་འཁྱོངས་བྱས་ནས། འབྲུ་སྣུམ་དང་སྔོ་ཚལ་དང་། ཤ་སྒོང་འོ་མ་སོགས་འཚོ་བའི་མཁོ་ཆས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་འཕྲལ་མཁོ་ཆེ་བའི་དངོས་ཟོག་ལ་རྒྱུན་མཐུད་ངང་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་པ་དང་སྦྲགས། སྤྱི་ཚོགས་ལ་སྐྱེལ་འདྲེན་འགན་ལེན་ཁ་པར་ཡོངས་བསྒྲགས་བྱས་ཏེ། དུས་ཐོག་ཏུ་དངོས་ཟོག་སྐྱེལ་འདྲེན་ཤར་བགྲོད་ཁྲོད་ལྷག་པའི་གནད་དོན་བདག་སྤྲོད་དང་ཐག་གཅོད་འཐུས་སྒོ་ཚང་པོ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།