འདི་ནི་ཀྲུང་གོ་ཧྭ་ནུས་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པའི་རྒྱ་ཚྭ་རྫོང་གི་ཆུ་ཤུགས་གློག་ཁང་ཡིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ་དང་ཆབས་ཅིག་གཙོ་གནད་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ཧུར་ཐག་བཏང་བར་བརྟེན། གཙོ་གནད་རྣམ་གྲངས་ཁག་གཅིག་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ་རེད།
ལྷ་ས་དང་བར་ཐག་སྤྱི་ལེ100ལྷག་ཙམ་ཡོད་པའི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཀྲུང་གོ་ཧྭ་གློག་གིས་མ་དངུལ་བཏང་ནས་བསྐྲུན་པའི་བོད་ལྗོངས་དྭགས་པོ་ཆུ་ཤུགས་གློག་ཁང་དུ་བྲེལ་བརྩོན་ངང་རྣམ་གྲངས་བསྐྲུན་ཏེ། གནམ་གཤིས་དྲོ་རུ་ཕྱིན་རྗེས། གཞི་ཁྱོན་ཆེན་པོས་ཨར་འདམ་ལྕགས་བརྩིབས་མའི་ལས་གྲྭ་འགོ་ཚུགས་རྒྱུར་ཆ་རྐྱེན་སྐྲུན་བཞིན་ཡོད། ལས་གྲྭ་འདི་ནི་མིག་སྔར་རང་ལྗོངས་སུ་སྐྲུན་བཞིན་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ནང་མཁོའི་ནུས་རྒྱུའི་རྣམ་གྲངས་ཤིག་རེད།
ཀྲུང་གོ་ཧྭ་གློག་བོད་ལྗོངས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཁྲེན་ཀྲུང་ཡུང་གིས། རིམས་ནད་ཀྱི་གནས་ཚུལ་ལ་དམིགས་ནས། ཀུང་སིས“སྔོན་ལ་འཕྲལ་མཁོའི་གློག་སྐུད་འཁྲིད་རྒྱུ་འགན་ལེན་དང་ཕྱིས་སུ་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་ལ་སྐུལ་འདེད་གཏོང་བ་དང་། སྔོན་ལ་ལས་མི་ཉུང་ཤས་བོད་དུ་ཕྱིར་ལོག་དང་དེ་རྗེས་ལས་མི་འབོར་ཆེན་བོད་དུ་ཕྱིར་ལོག་བྱེད་པའི”བསམ་ཕྱོགས་གཞིར་བཟུང་། མིག་སྔར་ལས་མི་290ལྷག་ཙམ་ལས་གྲྭའི་ནང་ཞུགས་ཡོད་པ་དང་ཕྱིས་སུ་ཁག་གཉིས་ལ་བགོས་ནས་ལས་མི་300གནམ་གྲུར་བསྡད་ནས་བོད་ལ་ཕྱིར་ལོག་བྱ་རྒྱུ་རེད། གསར་འགོད་པས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། 2020ལོའི་བོད་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་འཆར་འགོད(ཐོག་མའི་ཇུས་གཞི)གཞིར་བཟུང་། འདི་ལོ་རྣམ་གྲངས་184བཀོད་སྒྲིག་བྱ་རྒྱུ་དང་ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར་1834གཏོང་རྒྱུ་ཡིན་ཞིང་། མིག་སྔའི་བར་ལྷ་ཉིང་ལྕགས་ལམ་དང་། ཤང་ཧོ་དང་ལ་ལྷོ་ཆུ་བེད་ལྟེ་གནས། དྭགས་པོ་ཆུ་ཤུགས་གློག་ཁང་། མེ་ཏོག་ནས་རྫ་ཡུལ་བར་གྱི་གཞུང་ལམ་སོགས་རྣམ་གྲངས་བརྒྱད་ལས་མཚམས་བཞག་མེད་པའམ་ཡང་ན་ལས་འགོ་ཡང་བསྐྱར་ཚུགས་ཡོད།
“དམངས་གཉེར་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཁྱེར་དང་ས་ཁུལ་ཁག་གི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནང་ས་གནས་ཀྱི་གཙོ་གནད་སྨན་བཅོས་རིམས་འགོག་དངོས་ཟོག(འགོག་སྲུང་གྱོན་ཆས་དང་ཁ་རས་N95སོགས) དེ་བཞིན་ཐོན་སྐྱེད་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་སོགས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱེད་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག 《བོད་དུ་ལོག་མཁན་ཚོང་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དང《དམངས་འཚོའི་ཁྱབ་ཁོངས་གལ་ཆེན་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ》འཕྲལ་དུ་བཀྲམ་ནས། ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་དང་ཐོན་སྐྱེད་དང་འཚོ་བ་བརྟན་ལ་གོ་རིམ་ལྡན་པ་འགན་ལེན་བྱས་ཡོད”ཅེས་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཕུར་བུ་ཚེ་རིང་གིས་བཤད་ཅིང་། ཁོང་གིས་ཉེ་ཆར། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་དོན་ཚོགས་ཆུང་བཙུགས་ནས་རིམས་ནད་ཐོན་རིང་། དམངས་གཉེར་ཁེ་ལས་ཀྱི་ལས་མི་དཀོན་པའི་དཀའ་ངལ་ལམ་གནད་དོན་ཤེས་རྟོགས་དང་བསམ་འཆར་རམ་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་དང་འབྲེལ་བརྟག་དཔྱད་མཐིལ་རྟོགས་ཀྱི་རྨང་གཞིའི་ཐོག《ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་རིང་དམངས་གཉེར་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་དཀའ་ངལ་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་གྲོས་འགོར》འཆར་ཟིན་བཀོད་ཡོད་ཅེས་བརྗོད་བྱུང་།
ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་བཏོན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པར་ལྷ་སའི་དོན་དངོས་དང་འཚམ་པའི་བྱེད་ཐབས་དོན་ཚན་བཅུ་ཞིབ་ཚགས་སུ་བཏང་ནས་ཁེ་ལས་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཤིང་། མིག་སྔར་བོད་ཀྱི་རིམ་ཁག་ཁྲལ་དོན་ལས་ཁུངས་ཀྱིས་རིམས་ནད་ཐོན་རིང་གི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཧུར་ཐག་བྱས་ཏེ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཁྲལ་འཇལ་བས་དུས་ཐོག་དང་ཕྱོགས་ཡོངས་ནས་སྲིད་ཇུས་ཤེས་རྟོགས་དང་ལོངས་སུ་སྤྱོད་ཐུབ་རིགས་གང་མགྱོགས་ལོངས་སུ་སྤྱོད་ཐུབ་པར་བྱས་ནས་ཁྲལ་དོན་གྱི་སྟོབས་ཤུགས་གང་ལེགས་བཏོན་ཏེ་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱི་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་མཐོང་ཐོས།