བོད་ལྗོངས་གློག་དྲའི་གཙོ་གནད་ལས་གཞིའི་རྣམ་གྲངས་ལས་འགོ་བསྐྱར་འཛུགས་བྱེད་ཚད75%སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ2པའི་ཚེས29ཉིན་བར་མངའ་རིས་དྲ་སྦྲེལ་ལས་གཞི་དང་བོད་ལྗོངས་ཀྱི“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་སོགས་ལས་གཞིའི་རྣམ་གྲངས338བསྐྱར་སྐྲུན་བྱས་པ་དང་། འཛུགས་སྐྲུན་ནང་ཞུགས་མཁན་མི2800ལྷག་ཙམ་ཟིན་པ། བོད་ལྗོངས་གློག་དྲའི་གཙོ་གནད་ལས་གཞིའི་རྣམ་གྲངས་ལས་འགོ་བསྐྱར་འཛུགས་བྱེད་ཚད75%སླེབས་པ་རེད། 

མངའ་རིས་དྲ་སྦྲེལ་ལས་གཞི་དེ་ཟླ2པའི་ཚེས20ཉིན་ལས་འགོ་བསྐྱར་ཚུགས་བྱས་པ་ནས་བཟུང་ལས་ཀ་བྱེད་སྟངས་དང་བྱ་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་ཤིང་། དྲ་རྒྱའི་བརྙན་ལམ་ཚོགས་འདུ་དང་ལས་གཞིའི་དོ་དམ་གྱིAPPསོགས་ལས་སྟེགས་བརྒྱུད་དེ་ནུས་ལྡན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་དང་ལས་འགོ་བསྐྱར་འཛུགས་ཀྱི་ཇུས་གཞི་བཟོས་པ་དང་། གློག་ཆས་སྒྲིག་སྦྱོར་བྱེད་པ་དང་། གོ་རིམ་སྒྱུར་བ་སོགས་ཀྱི་ཇུས་གཞིར་ཞིབ་བཤེར་གཏན་འབེབས་དང་བསམ་འཆར་ཚུར་ལན་བྱས་ཏེ་ལས་འགོ་བསྐྱར་འཛུགས་ཀྱི་ལས་དོན་ཁག་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་རེད། 

བོད་ལྗོངས་ཀྱི“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གཞིའི་ནང་ཞུགས་པའི་མི106ཡོད་པ་དང་། ཟླ3པའི་ཚེས1ཉིན་གྱི་སྔ་དྲོའི་ཆུ་ཚོད9དང་སྐར་མ15ཡི་ཐོག་བོགས་བླངས་གནམ་གྲུ་ཁྲིན་ཏུའུ་ནས་བོད་ལྗོངས་ཉིང་ཁྲིའི་གནམ་ཐང་དུ་འབྱོར་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ་གཅིག་གྱུར་ཐོག་ལོགས་སུ་བཀར་ནས་བདེ་འཇགས་གཏན་འཁེལ་བྱས་རྗེས་དུས་ཐོག་ཏུ་བོད་ལྗོངས་ཀྱི་གློག་དྲའི་ལས་གཞི་འཛུགས་སྐྲུན་ལས་དོན་ནང་ཞུགས་རྒྱུ་ཡིན་པ་རེད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ཇུས་འགོད་ཞིབ་ཚགས་དང་ཐབས་ཤེས་ཡོད་རྒུ་བཏོན་ནས་གཙོ་གནད་གློག་དྲའི་ལས་གཞིའི་ལས་འགོ་བསྐྱར་ཚུགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་ཇེ་མགྱོགས་སུ་བཏང་སྟེ་རིམ་པ་དབྱེ་ནས་རིམས་ནད་སྔོན་འགོག་གི་འགན་འཁྲི་ནན་དུ་བཏང་བ་རེད། ཀུང་སི་དེས་རང་འགུལ་ངང་མཐུན་སྦྱོར་འབྲེལ་གཏུག་བྱས་པ་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན་མི་སྣ་ཁག་བགོས་དང་གོ་རིམ་ལྡན་པའི་ངང་བོད་དུ་ལོག་རྒྱུ་སྒྲིག་འཛུགས་བྱས་པ། འཛུགས་སྐྲུན་ནང་ཞུགས་མཁན་དཔུང་ཁག་བོད་དུ་ལོག་པ་དང་ལས་འགོ་བསྐྱར་ཚུགས་བྱེད་རིང་གི་རིམས་འགོག་བྱ་ཐབས་ཁག་འཐུས་ཚང་དུ་བཏང་བ། བདེ་ཐང་ཕྱིར་སྐྱོད་ཀྱི་བདེན་དཔང་ཡི་གེ་སོགས་འབྲེལ་ཡོད་རྒྱུ་ཆ་སྒྲུབ་པ། གཅིག་གྱུར་ཐོག་གྲོང་ཁྱེར་དང་ས་གནས་ཁག་ཏུ་སྐྱེལ་ནས་དམིགས་འཛུགས་བྱས་པའི་མགྲོན་ཁང་དུ་ལོགས་སུ་བཀར་བ་དང་། བདེ་འཇགས་གཏན་འཁེལ་བྱས་རྗེས་སླར་ཡང་གློག་དྲའི་གཙོ་གནད་ལས་གཞི་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཚོད་འཛིན་ཐུབ་པ། གཙོ་གནད་ལས་གཞི་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པ་བཅས་བྱས་ནས་བོད་ལྗོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་གློག་ཤུགས་ཀྱི་འགན་ལེན་འདོན་སྤྲོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།