ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་སློབ་མ100ལ་སློབ་སྐྱོར་རོགས་དངུལ་རྩིས་སྤྲོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས“བཀྲ་ཤིས་ཁ་བཏགས་སློབ་སྐྱོར་རོགས་དངུལ”སྤྲོད་པའི་མཛད་སྒོ་སྤེལ་ནས་སྐོར་ཐེངས་དང་པོའི་རོགས་དངུལ་ཐོབ་པའི་སློབ་མ100ལ་མི་རེར་རོགས་དངུལ་སྒོར5000རྩིས་སྤྲོད་བྱས་པ་དང་། ཟླ3པར་སློབ་མ་ལྷག་མ100ལ་སླར་ཡང་རོགས་དངུལ་སྒོར་ཁྲི50སྤྲོད་རྩིས་བྱ་རྒྱུ་རེད། རོགས་སྐྱོར་དང་ལེན་བྱེད་པའི་སློབ་མའི་འཐུས་མི3གྱིས་བཀའ་དྲིན་དེ་ནམ་ཡང་བློ་ལ་བརྟན་པོར་ངེས་ནས་དཀའ་སྤྱད་འབད་བརྩོན་གྱིས་ལང་ཚོ་སྟོང་ཟད་དུ་མི་གཏོང་བ་དང་། སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣའི་རེ་བ་ཆུད་ཟོས་སུ་མི་གཏོང་བ། སློབ་སྦྱོང་ཧུར་ཐག་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་ནས། གཅེས་སེམས་བརྒྱུད་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

ཉེ་བའི་ལོ་འགའི་རིང་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་གནད་སྨིན་རོགས་སྐྱོར་དང་མི་སྣ་གསོ་སྐྱོང་གི་ལས་དོན་ནན་ཏན་སྤེལ་ནས་ཁྱིམ་ཚང་དབུལ་བོའི་སློབ་མ་སློབ་གྲྭར་ཞུགས་རྒྱུར་འགན་ལེན་བྱ་ཆེད་ནུས་པ་ཆེན་པོ་བཏོན་ཡོད། 2019ལོར་གྲོང་ཁྱེར་རིམ་པའི་རྩ་འཛུགས་ཀྱི་རེ་ཞུ་དང་རོགས་དངུལ་སྤྲོད་ཚད་མི་ཐེངས6069ཙམ་ལ་སླེབས་པ་དང་། རོགས་དངུལ་སྒོར་ཁྲི4516.524རེ་ཞུ་དང་གཏོང་སྤྲོད་བྱས། 

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་བཀྲ་ཤིས་ཁ་བཏགས་ཚད་ཡོད་འགན་འཁྲི་ཀུང་ཟིས་བསྡོམས་པས་མ་དངུལ་སྒོར་ཁྲི300ཞལ་འདེབས་ཕུལ་ཏེ། ཆབ་མདོ་གྲོང་ཁྱེར་གྱི་དབུལ་ཕོངས་སློབ་མ531བག་ཕེབས་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་འཚར་ལོངས་བྱུང་བར་དཔལ་འབྱོར་གྱི་འགན་སྲུང་འདོན་སྤྲོད་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།