བོད་ལྗོངས་སུ་རླངས་འཁོར་ཤར་གཏོང་བྱས་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི10ལས་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྗོངས་ཡོངས་ཀྱི“ལེགས་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ནས་རྒྱུས་ལོན་པ་ལྟར་ན། 2019ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ103579.2ཟིན་པའི་ནང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ74043.9ཟིན་པ་དེས71.5%བཟུང་ཡོད་པ་རེད།

བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དྲ་བ་ཉིན་བཞིན་འཐུས་ཚང་དུ་གྱུར་ཞིང་། 2019ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དུས་གཏན་ལམ་ཐིག203ཤར་གཏོང་ཐུབ་པ་དང་གཉེར་སྐྱོང་ནང་ཞུགས་མཁན་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར411ཡོད་པ་རེད། མེ་ཏོག་རྫོང་ཕུད་པའི་རྫོང་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད98.6%ཟིན་ཡོད།

རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱི་འབྲེལ་ཡོད་འགན་ཁུར་བས“ལེགས་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”འཛུགས་སྐྲུན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་འབྱོར་འབྲིང་ལམ་དུ་དེ་བས་ལེགས་པའི་སྒོ་ནས་སྐྱོད་ཐུབ་པར་འགན་སྲུང་བྱ་རྒྱུ་ནི་ཏང་དང་མི་དམངས་ཀྱིས་ང་ཚོར་དཀྲིས་པའི་གཟི་བརྗིད་ལས་འགན་ཞིག་དང་འགན་འཁྲི་ལྕི་པོ་ཞིག་ཡིན་པས་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན། བོད་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་ནན་ཏན་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་གོ་སྐབས་གསར་པ་དམ་པོར་འཛིན་པ། འགྲིམ་འགྲུལ་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འགན་འཁྲི་གསར་པ་ཕྲག་ཏུ་ཁུར་བ་བཅས་ཀྱི་ཐོག་ནས“ལེགས་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།