བོད་ལྗོངས་ཀྱི་དྭགས་པོ་ཆུ་ཤུགས་གློག་ཁང་གི་ལས་གཞི་སླར་གསོ་བྱེད་རྩིས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར120ལྷག་ཙམ་བཏང་བའི་དྭགས་པོ་ཆུ་ཤུགས་གློག་ཁང་ནི།  ཀྲུང་དབྱང་ནས་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་གནང་བའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་།  ཆུ་ཤུགས་གློག་ཁང་དེའི་གློག་གཏོང་ཚད་ཝ་སྟོང་ཚན་ཁྲི་ཚོ60ལས་བརྒལ་རྒྱུ་ཡིན་པས་རྣམ་གྲངས་དེ་སྐྲུན་རྗེས་བོད་ལྗོངས་ཀྱི་གློག་གཏོང་ཚད་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་དེར་འགྱུར་རྒྱུ་རེད།  ཉིན་ཤས་གོང་།  རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་བྱས་པ་བརྒྱུད།  ལས་གཞི་ཨར་ལས་ཚོགས་པའི་ལས་མི127གནམ་གྲུར་བོད་དུ་ཕྱིར་ལོག་བྱས་པ་རེད། 

ཤེས་རྟོགས་བྱས་པར་གཞིགས་ན།  ལས་མི127དེ་དག་གནམ་གྲུ་འབབ་ཐང་དུ་འབྱོར་མ་ཐག་ལས་དོན་པས་ཁོ་ཚོའི་ལུས་པོའི་ཚ་བ་འཇལ་རྗེས།  གཅིག་གྱུར་ཐོག་ལྷོ་ཁའི་དམིགས་འཛུགས་ལོག་བཀར་ལྟ་ཞིབ་བྱེད་གནས་སུ་དབོར་ནས་ཉིན14རིང་གི་ལོག་བཀར་ལྟ་ཞིབ་བྱེད་རྒྱུ་དང་།  ལོག་བཀར་ལྟ་ཞིབ་བྱེད་ཡུན་བཙངས་ནས་གཟུགས་གཞི་བདེ་ཐང་བརྟག་དཔྱད་བྱས་ཟིན་རྗེས་དྭགས་པོ་ཆུ་ཤུགས་གློག་ཁང་གི་འཛུགས་སྐྲུན་ནང་ཞུགས་སུ་འཇུག་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།