བོད་ལྗོངས་མཁའ་འགྲུལ་གྱིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རོགས་རམ་བྱས་པ།

༡.jpg

འདི་ནི་ལས་འགོ་བསྐྱར་ཚུགས་ཀྱི་གཙང་གླས་གནམ་གྲུའི་ནང་དུ་ཞབས་ཞུ་བ་དང་ཀྲུང་གོའི་ལྕགས་ལམ་གྱི་ལས་བཟོ་པ་རྣམས་དང་མཉམ་པར་རྒྱག་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“གུས་པར་འོས་པའི་ཀྲུང་གོའི་ལྕགས་ལམ་གྱི་གྲོགས་པོ་རྣམ་པ་སྐུ་ཁམས་བཟང་། ཁྱེད་ཚོས་ནད་ཡམས་གྱི་སྐབས་སུ་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པར་ས་གནས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱས་ཏེ། དཀའ་ཉེན་ཁྱད་བསད་ཀྱིས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཁྱེད་རང་དང་མཉམ་དུ་དཀའ་གནད་སེལ་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱ་རྒྱུ་ཡིན། འདིར་ངས་གནམ་གྲུའི་ཐོག་གི་ལས་སྒྲུབ་མི་སྣ་ཡོངས་ཀྱི་ཚབ་ཞུས་ནས་ཁྱེད་ཚོའི་བློས་གཏོང་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། ཁྱེད་རང་ཕེབས་ལམ་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།”ཞེས་ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་6དང་སྐར་མ་29ཡི་ཐོག་བོད་ལྗོངས་མཁའ་འགྲུལ་གྱི་ལས་འགོ་བསྐྱར་ཚུགས་ཀྱི་གཙང་གླས་གནམ་གྲུ་ཐོག་མTV6053(ཤིས་ཨན་ནས་ཆབ་མདོ་བར)དེས་“ས་མཐོའི་འཛུགས་སྐྲུན་མཁན”118འཁྱེར་ནས་ཤིས་ཨན་ཞན་དབྱང་རྒྱལ་སྤྱིའི་གནམ་ཐང་ནས་ཆབ་མདོར་འཕུར་བ་རེད།

༢.jpg

འདི་ནི་བོད་ལྗོངས་སུ་ལས་ཀ་བསྐྱར་ཚུགས་བྱེད་པར་ལོག་པའི་ཀྲུང་གོའི་ལྕགས་ལམ་གྱི་ལས་བཟོ་པ་རྣམས་ཀྱིས་ཤིས་ཨན་གྱི་གནམ་གྲུ་སྒུག་སའི་ཐོག་བརྩེགས་ཁང་ཆེན་དུ་མཉམ་པར་རྒྱག་པའི་རྣམ་པ་རེད།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ཐེངས་ཀྱི་གནམ་གྲུ་གཙང་གླ་བྱས་ནས་ལས་འགོ་བསྐྱར་ཚུགས་བྱེད་མཁན་གྱི་ལས་ཁུངས་ནི་ཀྲུང་གོའི་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་དང་པོའི་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“ཀྲུང་གོའི་ལྕགས་ལམ་ཁང་དང་པོ”ཞེས་བསྡུ་རྒྱུ)ཡིན་ཞིང་། བོད་ལྗོངས་སུ་སྐྱེལ་འདྲེན་བྱེད་པའི་ལས་བཟོ་པ་ནི་ཀྲུང་གོའི་ལྕགས་ལམ་ཁང་དང་པོ་དང་ཀྲུང་གོའི་ལྕགས་ལམ་ཁང་གཉིས་པ་ནས་ཡིན་པ་དང་། ཁོང་ཚོས་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་རྩད་ཞིབ་ཇུས་འགོད་ཀྱི་ལས་འགན་འཁུར་བཞིན་ཡོད།

༣.jpg

འདི་ནི་བོད་ལྗོངས་མཁའ་འགྲུལ་གྱི་ཆེད་བསྐོས་མི་སྣས་ཀྲུང་གོའི་ལྕགས་ལམ་གྱི་བཟོ་གྲོགས་ཚོར་གནམ་གྲུར་སྡོད་པའི་འགྲོ་ལུགས་སྒྲུབ་རོགས་བྱེད་བཞིན་པའི་རྣམ་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ཉེ་དུས་ས་གནས་ཁག་གི་ཁེ་ལས་ཀྱིས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་དང་ཐོན་ལས་སླར་གསོའི་མགོ་བརྩམས་བཞིན་ཡོད་མོད། འོན་ཀྱང་རིམས་ནད་མཆེད་པའི་ཉེན་ཁར་སྔར་བཞིན་སྣང་ཆུང་བྱེད་མི་རུང་། ད་ཐེངས་ཀྱི་ལས་འགོ་བསྐྱར་ཚུགས་ཀྱི་གཙང་གླས་གནམ་གྲུར་དམིགས་ནས་བོད་ལྗོངས་མཁའ་འགྲུལ་གྱི་ཤིས་ཨན་རྟེན་གཞིས་གནམ་གྲུའི་འགྲུལ་ཁང་ལ་གཙང་སྦྲ་ཡག་པོ་དང་དུག་སེལ་གྱི་ལས་ཀ་བྱས་པར་མ་ཟད། ཞག་སྡོད་དང་། བཟའ་བཏུང་། རླངས་འཁོར་བཅས་ཀྱི་སྐྱེལ་བསུ་འགན་ལེན་ཡང་བྱས་པ་རེད། གཞན་ཡང་གནམ་གྲུར་འཛེག་སྐབས་ཞབས་ཞུ་བས་ད་དུང་མི་ཚང་མར་དཔྲལ་བའི་དྲོད་ཚད་རེ་རེ་བཞིན་ཞིབ་དཔྱད་ཚད་ལེན་བྱས་པ་དང་། གནམ་གྲུ་མཁའ་དབྱིངས་སུ་སྙོམ་པོར་འཕུར་རྗེས་ཞབས་ཞུ་བ་ཚོས་《ཉི་འོད་རྟག་པར་ཆར་རླུང་གི་རྗེས་སུ་ཡོད》ཅེས་པའི་ལག་བརྡའི་ཞབས་བྲོ་འཁྲབ་སྟོན་བྱས་པ་རེད།

༤.jpg

འདི་ནི་ཀྲུང་གོའི་ལྕགས་ལམ་གྱི་ལས་རོགས་ཚོ་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་ཀྱི་གཙང་གླས་གནམ་གྲུར་འཛེགས་ནས་བོད་ལྗོངས་སུ་ཕྱིར་ལོག་པའི་རྣམ་པ་རེད།

༥.jpg

ཚེས26ཉིན་གྱི་སྔ་དྲོའི་ཆུ་ཚོད་8དང་སྐར་མ་36ཐོག་ལས་འགོ་བསྐྱར་ཚུགས་ཀྱི་གཙང་གླས་གནམ་གྲུ་བདེ་ལེགས་ངང་ཆབ་མདོའི་སྤང་མདའ་གནམ་ཐང་དུ་འབྱོར་བ་རེད།

ཆུ་ཚོད་གཉིས་ལྷག་ཙམ་རིང་འཕུར་སྐྱོད་བྱས་པ་བརྒྱུད་ལས་ཀ་བསྐྱར་ཚུགས་ཀྱི་གཙང་གླས་གནམ་གྲུ་དེ་སྔ་དྲོའི་ཆུ་ཚོད་8དང་སྐར་མ་36ཐོག་ཆབ་མདོའི་སྤང་མདའ་གནམ་ཐང་དུ་འབྱོར་ཞིང་། ཀྲུང་གོའི་ལྕགས་ལམ་ཁང་དང་པོས་བོད་ལྗོངས་མཁའ་འགྲུལ་གྱིས་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བདེ་བླག་ངང་སྤེལ་བར་འགན་ལེན་བྱ་ཆེད་གནམ་གྲུ་བཀོད་སྒྲིག་དང་རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་འགན་ལེན་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་དང་རོགས་རམ་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

༦.jpg

འདི་ནི་ཞབས་ཞུ་བས་ཀྲུང་གོའི་ལྕགས་ལམ་ལས་རོགས་ལ་འགྲུལ་ཆས་འཇོག་རོགས་བྱེད་པའི་རྣམ་པ་རེད།

༧.jpg

གནམ་གྲུའི་ཐོག་གི་ལས་དོན་མི་སྣས་ཆབ་མདོ་སྤང་མདའ་གནམ་ཐང་དུ་མཉམ་པར་རྒྱག་པའི་རྣམ་པ་རེད།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ལ་དམ་འཛིན་བྱེད་དགོས་པའི་འབོད་སྐུལ་དང་ལེན་ཧུར་ཐག་བྱ་ཆེད། བོད་ལྗོངས་མཁའ་འགྲུལ་གྱིས་ཉེ་དུས་ལྷ་ས་ནས་མངའ་རིས་དང་། ལྷ་ས་ནས་ནན་ཁྲུང་། ཁྲེང་ཏུའུ་ནས་ཆབ་མདོ། ཁྲེང་ཏུའུ་ནས་གཞིས་རྩེ་སོགས་བོད་ལྗོངས་སུ་འགྲོ་འོང་བྱེད་མཁན་གྱི་དུས་གཏན་གནམ་གྲུ་སྔ་རྗེས་སུ་ཇེ་མང་དུ་བཏང་ནས་མཁའ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་རྒྱུན་མཐུད་ངང་ཤར་གཏོང་ཐུབ་པར་ཁག་ཐེག་དང་། བོད་སྐྱོད་ལས་སྒྲུབ་པ་བདེ་བླག་ངང་ལས་གནས་སུ་ཕྱིར་ལོག་ཐུབ་པར་འགན་ལེན་བྱས་ཏེ་བོད་ལྗོངས་ཀྱི་ཁེ་ལས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་ཐུབ་པར་རོགས་རམ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།