བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་དབུལ་སྐྱོར་བྱ་བ་ལེགས་པོར་སྒྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར་བོད་ལྗོངས་ཀྱིས་སྨན་བཅོས་འགན་སྲུང་བྱ་བ་དེ་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གཙོ་གནད་ལས་འགན་ལ་བཞག་སྟེ། ནུས་ཤུགས་ཡོད་རྒུས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས་དང་དམིགས་བསལ་དཀའ་ངལ་ཡོད་མཁན་སོགས་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་དབུལ་སྐྱོར་བྱ་བ་ལེགས་པོར་སྒྲུབ་པ་དང་། རྒྱུན་ཆད་མེད་པར་སྨན་བཅོས་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་སྟེ། ནུས་ཤུགས་ཡོད་རྒུས་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་དབུལ་སྐྱོར་བྱ་བ་ལེགས་པོར་སྒྲུབ་ནས་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་མཐའ་སྐྱོང་ནུས་པ་འདོན་སྤེལ་གང་ལེགས་བྱས་པས། ལྗོངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་དབུལ་སྐྱོར་བྱ་བར་ཕན་འབྲས་མངོན་གསལ་ཐོབ།

ལྗོངས་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཕྱོགས་ཡོངས་ལ་ཁྱབ་པ། བོད་ལྗོངས་སུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དེ་སྲིད་ཇུས་ཀྱི་རིམ་པ་ནས་རོང་འབྲོག་ཁུལ་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་སྣ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་མཁན། ངལ་རྩོལ་ནུས་ཤུགས་ཤོར་བའི་དབང་བོ་སྐྱོན་ཅན་ཚབས་ཆེན། ཡོང་འབབ་མེད་པའི་མི་ཧྲེང་རྒན་རྒོན་དང་དྭ་ཕྲུག་སོགས་དབུལ་བོ་ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་འགན་སྲུང་ཁྱབ་ཁོངས་ནང་བཅུག་ནས། དབུལ་ཕོངས་མང་ཚོགས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་ཕྱོགས་ཡོངས་ལ་ཁྱབ་ཡོད། གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཟིན་པའི་མི་སྣར་སྒེར་གྱིས་གྲོན་དངུལ་མི་འཇལ་བའི་སྲིད་ཇུས་ལག་བསྟར་བྱས་ནས་ནད་ཆེན་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ཁྱབ་ཁོངས་ནང་བཅུག་སྟེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་དབུལ་སྐྱོར་ལག་བསྟར་ཇུས་གཞིའི་ནང་བཏོན་པའི“ཞིང་སྡེའི་དབུལ་ཕོངས་མང་ཚོགས་ལ་ལམ་ལུགས་ཡོངས་སུ་ཁྱབ་པ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཁྱབ་ཚད100%ཟིན་པའི”ལས་འགན་དམིགས་འབེན་ལེགས་འགྲུབ་བྱུང་ཡོད་པ་རེད། 

 ལྗོངས་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་གྲོང་ཁྱེར་དང་ཞིང་སྡེའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ནོར་སྲིད་ཁ་གསབ་སྲིད་ཇུས་དངོས་འབེབས་བྱུང་བ། རོང་འབྲོག་ཁུལ་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་བོ་རྣམས་སྨན་བཅོས་རོགས་སྐྱོབ་བྱ་ཡུལ་དུ་བརྩིས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་ལ་བསྡོམས་གྲངས་ཀྱི་ཁ་གསབ་སྤྲོད་རྒྱུ་དང་། རོང་འབྲོག་ཁུལ་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་ལ་བཅད་གྲངས་ཀྱི་ཁ་གསབ་སྤྲོད་རྒྱུའི་སྲིད་ཇུས་གཏན་ཁེལ་བྱས་ཏེ། རོང་འབྲོག་ཁུལ་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་བོ་རྣམས་རོང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ནོར་སྲིད་ཁ་གསབ་སྲིད་ཇུས་དངོས་འབེབས་བྱ་རྒྱུ་ཁག་ཐེག་བྱས། དེ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་མཁན་དང་། ངལ་རྩོལ་ནུས་པ་ཤོར་བའི་དབང་བོ་སྐྱོན་ཅན་ཚབས་ཆེན། ཡོང་འབབ་མེད་པའི་མི་ཧྲེང་རྒན་རྒོན་དང་དྭ་ཕྲུག་སོགས་དབུལ་ཕོངས་མང་ཚོགས་ལ་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལ་མི་རེར་ལོ་ལྟར་གྲོན་དངུལ་སྤྲད་པའི་ཆ་ཤས་དེ་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཁ་གསབ་སྤྲད་ནས་དབུལ་བོ་རྣམས་གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་ནོར་སྲིད་ཁ་གསབ་སྲིད་ཇུས་དངོས་འབེབས་བྱེད་པར་ཁག་ཐེག་བྱས། 

ནད་ཆེན་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ཀྱི་འགན་སྲུང་ཆུ་ཚད་རྒྱུན་མི་ཆད་པར་ཇེ་མཐོར་ཕྱིན་པ་དང་རོང་འབྲོག་ཁུལ་གྱི་ནད་ཆེན་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་དེ་སྔོན་ཆད་ཀྱི་སྒོར་ཁྲི6ནས་མི་སྒེར་གྱིས་སྤྲད་པའི་སྨན་བཅོས་འགྲོ་གྲོན་སྒོར5000བར་ཇེ་དམའ་རུ་བཏང་། ལོ་འཁོར་གྱི་སྐྱིན་ཚབ་འཇལ་བའི་བཅད་གྲངས་མཐོ་ཤོས་དེ་སྔོན་ཆད་ཀྱི་སྒོར་ཁྲི7ནས་སྒོར་ཁྲི14བར་ཇེ་མཐོར་བཏང་། རོང་འབྲོག་མང་ཚོགས་ཀྱི་དབུལ་བོ་རྣམས་ནད་ཆེན་འགན་བཅོལ་གྱི་ཐོག་མའི་གཏོང་སྤྲོད་ཚད་གཞི50%ཆག་པ་དང་། གཏོང་སྤྲོད་བསྡུར་ཚད་བརྒྱ་ཆའི་ཆ5ཇེ་མཐོར་སོང་། ནད་ཆེན་འགན་བཅོལ་གྱི་སྤྱིའི་འགན་སྲུང་ཆུ་ཚད་སྔར་ལས་ཇེ་མཐོར་སོང་སྟེ། གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་དང་ལྷག་པར་དུ་དབུལ་བོར་ནད་གཞི་ལྗིད་མོ་དང་ཚབས་ཆེན་ཕོག་པའི་སྨན་བཅོས་ཀྱི་དཔལ་འབྱོར་ཁུར་བོ་ཇེ་ཡང་དུ་བཏང་བ་རེད། 

“སྔོན་ལ་སྨན་བཅོས་བྱས་ཏེ་རྗེས་སུ་སྨན་རིན་སྤྲོད་པའི”སྲིད་ཇུས་དངོས་འབེབས་གང་ལེགས་བྱས་པ་དང་། དབུལ་ཕོངས་མང་ཚོགས་ཀྱིས་སྔོན་ལ་ནད་བརྟག་སྨན་བཅོས་དང་རྗེས་སུ་སྨན་རིན་སྤྲོད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ་གཏན་ཁེལ་བྱས་ཏེ། གྲོང་ཁྱེར་དང་ཞིང་སྡེའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་དབུལ་བོར་བྱུང་བའི་གཏན་འབེབས་དང་མཐུན་པའི་སྨན་བཅོས་འགྲོ་གྲོན་དེ་གཅིག་གྱུར་འཆར་འགོད་ས་ཁོངས་ནང་གནས་ཁེལ་སྨན་བཅོས་སྡེ་ཁག་ཏུ་སྨན་བཅོས་བྱེད་པའི་གཏན་འབེབས་ལྟར་མི་སྒེར་གྱིས་འགན་འཁུར་དགོས་པའི་ཆ་ཤས་ཁོ་ན་སྤྲད་པས་ཆོག་པས། དབུལ་ཕོངས་མི་སྣའི་སྨན་རིན་སྔ་འདོན་གྱི་གནོན་ཤུགས་ཇེ་ཆུང་དུ་བཏང་ཡོད་པ་རེད། མིག་སྔར་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཚང་མར་རྫོང་ཁོངས་ནང་རོང་འབྲོག་ཁུལ་གྱི་སྨན་ཁང་དུ་སྡོད་པའི་ནད་པ་དབུལ་བོས“སྔོན་ལ་སྨན་བཅོས་བྱས་ཏེ་རྗེས་སུ་སྨན་རིན་སྤྲོད་པའི”སྲིད་ཇུས་མངོན་འགྱུར་བྱུང་ནས་ཁྱབ་ཚད98.5%ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།