བོད་ལྗོངས་རིམ་ཁག་རླུང་འཕྲིན་བརྙན་འཕྲིན་ཚན་པས་སྤུས་ལེགས་ལེ་ཚན་བསྟན་གཏོང་བྱས་ནས་རིམས་ནད་འགོག་ཟོན་ལ་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་འགོ་ཚུགས་ཚུན།  རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་རང་ལྗོངས་ཀྱི་རིམ་ཁག་རླུང་འཕྲིན་བརྙན་འཕྲིན་སྨྱན་སྦྱོར་ཚན་པ་སྒྲིག་འཛུགས་བྱས་ཏེ།  རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ནས་སྤེལ་བའི་ཀུན་སེམས་གཅིག་སྒྲིལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཅེས་པའི་སྤྱི་ཕན་འགྲེམས་གཏོང་བྱེད་སྒོའི་ནང་ཞུགས་ཏེ།  བོད་ལྗོངས་ཀྱི་རིམ་ཁག་རླུང་འཕྲིན་བརྙན་འཕྲིན་ཚན་པས་སྤུས་ལེགས་ལེ་ཚན་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་སྟེ།  རིམས་ནད་སྔོན་འགོག་ཚོད་འཛིན་ལ་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  བྱེད་སྒོ་དེ་ད་ལོའི་སྤྱི་ཟླ2པ་ནས་སྤྱི་ཟླ9པའི་ཚེས30ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་དང་།  རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་རིམ་ཁག་རླུང་འཕྲིན་བརྙན་འཕྲིན་ཚན་པ་བརྒྱུད།  ཆུ་ཚོད2000ལྷག་ཙམ་ཟིན་པའི་རླུང་འཕྲིན་བརྙན་འཕྲིན་གྱི་ལེ་ཚན180ལྷག་ཙམ་རིན་མེད་བསྟན་གཏོང་བྱེད་རྒྱུར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་པ་རེད།  བྱེད་སྒོ་སྤེལ་ཚུན་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་བོད་ལྗོངས་ཀྱི་རིམ་ཁག་རླུང་འཕྲིན་བརྙན་འཕྲིན་ཚན་པ་སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་ལེ་ཚན་ཕབ་འཇུག་དང་ཞིབ་བཤེར།  སྒྲིག་བཟོ་བཅས་བྱས་ཡོད།  དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་ད་དུང་རིམ་ཁག་རླུང་འཕྲིན་བརྙན་འཕྲིན་ཚན་པ་སྒྲིག་འཛུགས་བྱས་ནས།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱི་ཕན་བརྡ་ཁྱབ་ཕབ་ལེན་གཏོང་སྤེལ་བྱས་པ་དང་།  སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཚན་རིག་དང་མཐུན་པའི་སྒོ་ནས་དྲིལ་བསྒྲགས་བྱས་ཏེ།  རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་དྲིལ་བསྒྲགས་དོ་དམ་ཁྲུའི་ཁྲུའུ་ཀྲང་སྤེན་པ་ཚེ་རིང་ནས་ངོ་སྤྲོད་གནང་བར་གཞིགས་ན།  སྤྱི་ཟླ2པའི་ཚེས21ཉིན་བར་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྤྱི་ཕན་བརྡ་ཁྱབ20ལྷག་ཙམ་བཟོས་ནས་ཁྱོན་ཐེངས2700བསྟན་གཏོང་བྱས་ཡོད་པ་དང་།  གྲོང་ཁྱེར(ས་ཁུལ)བདུན་ནས་བཟོས་པའི་སྤྱི་ཕན་བརྡ་ཁྱབ་ཁག895ཟིན་ཞིང་ཁྱོན་ཐེངས23500ལྷག་ཙམ་བསྟན་གཏོང་བྱས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་སྤྱི་ཕན་འགྲེམས་གཏོང་བྱེད་སྒོར་ཕུལ་བྱུང་ལེ་ཚན་མཁོ་འདོན་བྱས་པ་ཕུད།  ཆུ་ཚོད260ལྷག་ཙམ་གྱི་ཕུལ་བྱུང་ལེ་ཚན68གཅིག་གྱུར་འཆར་འགོད་ངང་མཐུན་སྦྱོར་བརྒྱུད།  བོད་ལྗོངས་རིམ་ཁག་བསྟན་གཏོང་ཚན་པས་རིན་མེད་ངང་བསྟན་གཏོང་བྱེད་རྒྱུར་མཁོ་འདོན་བྱས་པ་དང་།  གོམ་སྟབས་རྗེས་མར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གསན་གཟིགས་པ་ཚོར་ཕུན་སུམ་ཚོགས་ལ་སྒྲིག་བཟོ་ལེགས་པའི་ཕུལ་བྱུང་ལེ་ཚན་འབོར་ཆེན་ཞིག་བསྟན་གཏོང་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།