ལོ་གསར་རིང་བོད་ལྗོངས་ཀྱི་ས་ཆ་མང་ཆེ་བར་གངས་དང་ཆར་པ་བབས་ནས་དྲོད་ཚད་ཇེ་དམའ་རུ་འགྲོ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ནས་སྤྱི་ཚེས22ཉིན་སྔོན་བརྡ་བཏང་བར་གཞིགས་ན།  སྤྱི་ལོ 2020ལོའི་བོད་ཀྱི་ལོ་གསར་རིང་བོད་ལྗོངས་ཀྱི་ས་ཆ་མང་ཆེ་བར་ཆར་པ་དང་ཡང་ན་གངས་བབས་ནས་དྲོད་ཚད་དམའ་རུ་འགྲོ་རྩིས་ཡོད།  ཞིབ་ཕྲའི་གནམ་གཤིས་སྔོན་བརྡ་གཤམ་གསལ་ལྟར།  སྤྱི་ཚེས23ནས29ཉིན་བར་ཉིང་ཁྲི་དང་ནག་ཆུར་གངས་ཆུང་བ་འབབ་རྒྱུ་དང་ས་བབ་མཐོ་བའི་ཁུལ་དུ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ།  ཆབ་མདོའི་བྱང་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གངས་ཆུང་བ་འབབ་རྒྱུ།  དེ་མིན་ས་ཁུལ་ལ་གནམ་དྭངས་ནས་རིམ་བཞིན་སྤྲིན་པ་མང་པོ་འཁོར་རྒྱུ་དང་།  སྤྱི་ཚེས25ནས27ཉིན་བར།  ནག་ཆུ་དང་ཆབ་མདོ།  ཉིང་ཁྲི་བཅས་དང་ལྷོ་ཁའི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་བཅས་སུ་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་བབ་མཐོ་བའི་ཁུལ་དུ་གངས་ཆེན་པོ་འབབ་རྒྱུ།  ཡར་ཀླུང་གཙང་པོའི་རོང་སའི་ཁུལ་དུ་གངས་ཆུང་ཆུང་འབབ་རྒྱུ་དང་ས་ཆ་ཁག་ཅིག་ལ་གངས་འབྲིང་བ་འབབ་རྒྱུ།  མངའ་རིས་སུ་སྤྲིན་པ་མང་པོ་འཁོར་ནས་ཐོལ་གངས་འབབ་རྒྱུ།  ནུབ་ནས་ཤར་བར་དྲོད་ཚད་ཨང་གྲངས4ནས8བར་དམའ་རུ་འགྲོ་རྒྱུ།  སྤྱི་ཚེས28ནས29ཉིན་བར་མངའ་རིས་ཀྱི་ཤར་ལྷོའི་རྒྱུད་དང་ནག་ཆུའི་དབུས་ནུབ་རྒྱུད།  ཉིང་ཁྲི་བཅས་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་ཅིག་ལ་ཐོལ་གངས་འབབ་རྒྱུ།  དེ་མིན་ས་ཆར་གནམ་དྭངས་ནས་རིམ་བཞིན་སྤྲིན་པ་མང་པོ་འཁོར་རྒྱུ་བཅས་རེད།

གནམ་གཤིས་ཆེད་མཁས་པས།  དེང་སྐབས་ནག་ཆུའི་ཤར་རྒྱུད་དང་ཉིང་ཁྲི།  ཆབ་མདོ་བཅས་ཀྱི་ས་བབ་མཐོ་བའི་ཁུལ་དུ་གངས་གསོག་ཅུང་ཐེབས་མང་བས་འགྲིམ་འགྲུལ་དང་འབྲོག་ལས་ཀྱི་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་།  ལོ་གསར་རིང་བོད་ལྗོངས་ཀྱི་ས་ཆ་མང་ཆེ་བར་ཆར་པ་དང་ཡང་ན་གངས་བབས་ནས་དྲོད་ཚད་དམའ་རུ་འགྲོ་རྒྱུ་ཡིན་པས་ཚང་མས་དྲོ་སྤྱོད་བྱེད་དགོས་པའི་་དྲན་སྐུལ་ཞུས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།