ནག་ཆུ་གྲོང་ཁྱེར་གྱིས་གྲོང་གསེབ་གཞུང་ལམ་བདག་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་མཛུབ་ཁྲིད་འོག “གྲོང་གསེབ་གཞུང་ལམ་ཡག་པོ་བཞི”འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། “འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། བདག་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། གྲོང་གསེབ་གཞུང་ལམ་འཛུཌ་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། གྲོང་གསེབ་གཞུང་ལམ་བདག་སྐྱོང་གི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་བཏང་བ་བཅས་བྱས་པ“གྲོང་གསེབ་གཞུང་ལམ་ཡག་པོ་བཞི”འཛུགས་སྐྲུན་དེ་ནག་ཆུ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་འདེགས་ཆུ་ཚད་མཐོ་རུ་གཏོང་བའི་འདེགས་སྐྱོར་དང་འགན་སྲུང་གལ་ཆེན་ཞིག་ཏུ་གྱུར་ཡོད།

ནག་ཆུ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ལས་དོན་ལ“སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པའི”ཐད་ཤུགས་བརྒྱབ་ནས་གྲོང་གསེབ་གཞུང་ལམ་བདག་སྐྱོང་དང་དོ་དམ་གྱི་རྣམ་པ་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་གྲོང་གསེབ་གཞུང་ལམ་བདག་སྐྱོང་གི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་དུས་མཚམས་རང་བཞིན་གྱི་སྒྱུར་བཅོས་གྲུབ་འབྲས་ཅུང་བཟང་པོ་ཐོབ་ཡོད། མིག་སྔར་ནག་ཆུ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་16933ལ་བདག་སྐྱོང་བྱས་པའི་ནང་རྫོང་གི་གཞུང་ལམ་སྤྱི་ལེ་5578དང་། ཤང་གི་གཞུང་ལམ་སྤྱི་ལེ་3570 ཆེད་སྤྱོད་གཞུང་ལམ་སྤྱི་ལེ་3545 གྲོང་ཚོའི་གཞུང་ལམ་སྤྱི་ལེ་4239བཅས་ཚུད་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།