ཚན་རྩལ་གཤམ་སྤེལ་བྱས་ནས“ཞིང་གསུམ”ལ་ཞབས་འདེགས་ཞུས་པ།

——བོད་ལྗོངས་ཀྱིས་ཚན་རྩལ་ཆེད་མངགས་པའི་ལས་དོན་གསར་གཏོད་བྱས་པའི་སྐོར་བཀོད་པ།

ལོ་མང་རིང་། བོད་ལྗོངས་ཀྱིས་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་འབྲོག་ཁུལ་ལ་གཞི་ཚུགས་པ་དང་། ཚན་རྩལ་གྱི་ཞབས་འདེགས་ཞུ་བ། གྲོང་གསེབ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཚན་རྩལ་ཆེད་མངགས་པའི་དཔུང་ཁག་ཅིག་འཚོལ་ཞིབ་ཧུར་ཐག་བྱས་ནས་བཙུགས་པས་ཚན་རྩལ་ཆེད་མངགས་པ་ཁྱོན10519ཟིན་ནས། སྲིད་འཛིན་གྲོང་ཚོ་རེར་ཚན་རྩལ་ཆེད་མངགས་པ་2རེ་བཀོད་སྒྲིག་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་བྱུང་སྟེ། རྒྱལ་ཡོངས་ཀྱི་སྔོན་ལ་ཚན་རྩལ་ཆེད་མངགས་པ་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་ཡོད་པ་རེད།

རྣམ་གྲངས་ལག་བསྟར་བྱེད་པའི“དཔེ་སྟོན་པ”ཡག་པོ་བྱས་པ།

བོད་ལྗོངས་སུ་ཞིང་འབྲོག་པས་གཙོ་བོར་བྱས་པའི་ཚན་རྩལ་ཆེད་མངགས་པས་དུས་ཡུན་རིང་པོར་ཞིང་ནང་དང་མུ་ཁར་ནས་ཚན་རྩལ་ཤེས་བྱ་འགྲེལ་བཤད་དང་དཔེ་སྟོན་མཛུབ་ཁྲིད་བྱེད་པ་དང་། དུད་ཚང་དུ་བསྐྱོད་ནས་ཚན་རྩལ་ཤེས་བྱ་སློབ་པ། གཅིག་སྡུད་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་དུད་ཚང་ཁྲི་སྟོང་མང་པོར་ཚན་རྩལ་དར་སྤེལ་བཏང་སྟེ། དུས་ཐུང་ནང་། ཞིང་འབྲོག་པས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་ལས་འདེབས་འཛུགས་དང་གསོ་ཚགས་ལག་རྩལ་ཤེས་སུ་བཅུག་པ་དང་། ཞིང་འབྲོག་ལས་ཀྱི་རྣམ་གྲངས་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་རེད།

2005ལོར། བོད་ལྗོངས་ཀྱིས་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་དངོས་སུ་ལག་ལེན་བསྟར་བ་ནས་བཟུང་། ཞིང་འབྲེལ་སྡེ་ཚན་གྱི་དེ་སྔའི་ལས་མི་182ནས་ད་ཆའི་ཞིང་འབྲོག་པས་གཙོ་བོར་བྱས་པའི་ཚན་རྩལ་ཆེད་མངགས་པ་10519བར་འཕེལ་རྒྱས་ཕྱིན་ནས། ལོ་10ལྷག་ཙམ་རིང་། ཚན་རྩལ་ཆེད་མངགས་པའི་གྲངས་འབོར་ལྡབ་50ལྷག་འཕར་ཡོད། ཚན་རྩལ་ཆེད་མངགས་པའི་དོ་དམ་སྔར་བས་ཚད་ལྡན་དུ་གྱུར་པ་དང་། གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ། ནུས་པ་འདོན་ཚད་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་བཅས་དང་བསྟུན་ནས། ཁོང་ཚོ་ནི་རང་ལྗོངས་ཀྱིས་ཚན་རྩལ་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་ཚན་རྩལ་ཞབས་ཞུའི་མ་ལག་འཛུགས་པ། ཞིང་འབྲོག་པའི་རང་ངོས་འཕེལ་རྒྱས་དང་རང་ངོས་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ཁྲོད་ཡིད་ཆེས་བྱེད་ཆོག་པ་དང་། གཞི་ཚུགས་ཐུབ་པ། སྤྱོད་གོ་ཆོད་པ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཚད་དང་ལྡན་པའི་ཚན་རྩལ་དཔུང་ཁག་ཅིག་བཏོད་པ།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲིག་སྲོལ་ལམ་ལུགས་དུས་ཐོག་ཏུ་བཟོས་ནས་འཐུས་སྒོ་ཚང་དུ་གཏོང་བ། གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་ཆེད་མངགས་པའི་ལས་དོན་སྒྲིག་འཛུགས་དང་དོ་དམ་བྱེད་སྟངས་རྒྱུན་ཆད་མེད་པར་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། ཚན་རྩལ་ཆེད་མངགས་པའི་ལས་དོན་གྱི་ལམ་ལུགས་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་བཏང་བ་རེད།

རང་སྐྱོང་ལྗོངས་རིམ་པས་ཚན་རྩལ་དང་། རྩ་འཛུགས། ནོར་སྲིད། སློབ་གསོ། མི་སྤྱི། ཞིང་ལས་གྲོང་གསེབ་སོགས་སྡེ་ཚན་ལས་གྲུབ་པའི་ཚན་རྩལ་ཆེད་མངགས་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། ཚན་རྩལ་ཆེད་མངགས་པ་འདེམས་གཏོང་དང་། གླ་ཕོགས། མ་དངུལ་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་བྱས་པ་དང་སྦྲགས། གཞུང་ལས་ཁང་བཙུགས་ནས་ལྗོངས་ཡོངས་ཀྱི་ཚན་རྩལ་ཆེད་མངགས་པའི་ལས་དོན་གྱི་འཆར་གཞི་བཟོ་བ་དང་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་བྱེད་རྒྱུའི་འགན་ཁུར་བ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་དང་། ཆུས་དང་རྫོང་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཚན་རྩལ་ཆེད་མངགས་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་གཞུང་ལས་ཁང་བཙུགས་ཏེ། ཚན་རྩལ་ཆེད་མངགས་པའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ་རེད།

མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ།

བོད་ལྗོངས་ཀྱི་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཀྱི་ཕན་པ་ཐོབ་མཁན་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་མང་ཚོགས་དར་རྒྱས་ཀྱིས“ཚན་རྩལ་ཆེད་མངགས་པའི་མཛུབ་ཁྲིད་འོག ངས་སྔོ་ཚལ་འདེབས་འཛུགས་ལག་རྩལ་སྦྱངས་ནས། སྔོ་ཚལ་དྲོད་ཁང་ཆེ་མོ་3འགན་གཙང་བླངས་ཡོད། 2019ལོར་སྔོ་ཚལ་སྐྱེ་འཚར་ཡག་པོ་བྱུང་བས། སོ་ལོ་སྔོན་པོའི་དྲོད་ཁང་ཆེ་མོ་ཁོ་ན་ནས་ཡོང་འབབ་སྒོར་ཁྲི་1.2བྱུང”ཞེས་བརྗོད་པ་དང་། ཕྱུག་འགྱུར་ལམ་བུར་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད་པ་རེད།

མིག་སྔར། རིམ་རྩིས་བརྒྱབ་ན་བོད་ལྗོངས་ཀྱི་ཚན་རྩལ་ཆེད་མངགས་པས་སྤྱོད་གོ་ཆོད་པའི་སྔོན་ཐོན་ལག་རྩལ300ལྷག་དར་སྤེལ་བཏང་བ་དང་། ཚན་རྩལ་གསར་སྤེལ་རྣམ་གྲངས122ལག་བསྟར་བྱས་པ། ཁེ་ལས37བཙུགས་པ། ཆེད་ལས་ལག་རྩལ་མཐུན་ཚོགས་སམ་དཔལ་འབྱོར་མཉམ་ལས་རྩ་འཛུགས219བཙུགས་པ། ལས་གཏོད་རྟེན་གཞི175བཙུགས་པ་བཅས་བྱས་ནས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི1.14ལྷག་ཙམ་གྱི་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།