ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ཚན་རྩལ་མི་སྣ་མཚེའུ་གཉིས་རྫོང་དུ་བསྐྱོད་དེ། འབྲོག་པར་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་གསོ་སྦྱོང་བྱས་ཤིང་། མཚེའུ་གཉིས་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་འབྲོག་པ་མང་ཚོགས་20ལྷག་ཙམ་དང་དབུལ་སྐྱོར་གཞུང་ལས་ཁང་གི་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭར་ཞུགས་པ་རེད།
གསོ་སྦྱོང་རིང་། ཚན་རྩལ་མི་སྣས་ས་གནས་དེ་གའི་ཐོན་སྐྱེད་ཀྱི་དོན་དངོས་དང་དགོས་མཁོ་ཟུང་དུ་སྦྲེལ་ནས། བོད་སྐད་ཀྱི་ཐོག་ནས་གསོ་སྦྱོང་ལ་ཞུགས་མཁན་ཚོར་སྒྲིག་བཀོད་སྔོ་ཚལ་འདེབས་འཛུགས་ལག་རྩལ་དང་། ཀྲོ་མ་ཀྲུ་འདེབས་གསོའི་ལག་རྩལ། དེ་བཞིན་སྒྲིག་བཀོད་སྔོ་ཚལ་གྱི་ནད་དང་གནོད་འབུའི་གནོད་འཚེ་ལྗང་མདོག་སྔོན་འགོག་ཚོད་འཛིན་གྱི་ལག་རྩལ་སོགས་བསླབས་པ་དང་དུས་མཚུངས། གསོ་སྦྱོང་ལ་ཞུཌ་མཁན་གྱིས་སྔོ་ཚལ་འདེབས་སྐབས་འཕྲད་པའི་དཀའ་ངལ་དང་ཟུང་འབྲེལ་བྱས་ཏེ། དགེ་རྒན་ལ་སྐད་ཆ་ཧུར་ཐག་དྲིས་པ་དང་སློབ་ཚན་སྐབས་སུ་ཕན་ཚུན་སྤེལ་རེས་མང་ཞིང་། སློབ་སྦྱོང་གི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པས་གསོ་སྦྱོང་ཕན་འབྲས་བཟང་པོ་ཐོན་པ་རེད།
ཚན་རྩལ་མི་སྣས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་སློབ་ཚན་ཁྲིད་སྟངས་དང་ངང་རྒྱུད་རིང་ཞིང་ཞིབ་ཚགས་པའི་ལས་ཀའི་རྣམ་འགྱུར་ལ་བརྟེན་ནས། སློབ་མ་དང་འབྲེལ་འདྲིས་དམ་ཟབ་བྱས་པ་རེད། གསོ་སྦྱོང་ལ་ཞུགས་མཁན་ཚོས་རིགས་གཅིག་མཁས་ཅན་ཚོ་སང་ལོར་མུ་མཐུད་མཚེའུ་གཉིས་རྫོང་དུ་སྔོ་ཚལ་འདེབས་འཛུགས་ལག་རྩལ་མཛུབ་སྟོན་བྱེད་པར་ཡོང་རྒྱུའི་རེ་བ་ཡོད། གོ་སྐབས་བྱུང་ཚེ་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་འདེབས་འཛུགས་རྟེན་གཞིར་ལྟ་སྐོར་དང་སློབ་སྦྱོང་བྱས་ནས་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་སྔར་བས་མཐོ་རུ་བཏང་སྟེ། ཚད་གཞི་ལོན་པའི་ཚན་རྩལ་ཆེད་མངགས་པ་ཞིག་ཏུ་འགྱུར་རྒྱུའི་བརྩོན་ལེན་བྱས་ནས་འབྲོག་པ་དེ་བས་མང་བ་སྔོ་ཚལ་འདེབས་འཛུགས་ཀྱི་ལས་རིགས་ཁྲོད་ཞུགས་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།
གསོ་སྦྱོང་མཇུག་འགྲིལ་རྗེས་ཚན་རྩལ་མི་སྣས་ཞིང་འབྲོག་པར་སྒོར5000རི་བའི་སྔོ་ཚལ་གྱི་སོན་དང་ཞིང་སྨན་སྤྲད་པ་དང་འབྲེལ། མཚེའུ་གཉིས་རྫོང་དང་ཚན་རྩལ་མཉམ་ལས་ཀྱི་འདོད་མཐུན་རགས་ཙམ་བྱུང་བ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡིས་ཞིང་འབྲོག་པར་སྔོ་ཚལ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱས་པ།