བོད་ལྗོངས་ཀྱིས་དམ་པ་དོན་གཉེར་ངང་ནད་ཡམས་འགོག་ཟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་ནད་ཡམས་ཐོན་ཚུན།  བོད་ལྗོངས་ཀྱིས་དུས་ཚོད་ཨང་དང་པོར་ནད་ཡམས་འགོག་ཟོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས།  ནད་ཡམས་སྔོན་འགོག་དང་ནད་ཡམས་ལ་ཁ་གཏད་གཅོག་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་མ་ཟད།  སྤྱི་ཟླ་དང་པོའི་ཚེས29ཉིན་ལྗོངས་ཡོངས་སུ་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དམིགས་བསལ་ཚབས་ཆེའི་དོན་རྐྱེན་གྱི་རིམ་པ་དང་པོའི་བརྡ་ལེན་བྱེད་འགོ་བཙུགས་ཏེ།  མཉམ་འགོག་མཉམ་སྡོམ་གྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱེད་པའི་བྱ་ཐབས་ནན་པོ་བཟུང་བ།  ནད་ཡམས་ལ་ལྟ་ཞིབ་ཚད་ལེན་དང་སྨན་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་བ་སོགས་ཕྱོགས་གང་ཅིའི་ཐད་ནས་མཉམ་འབྲེལ་ཐོག་འགོག་ཟོན་བྱས་པས།  ནད་ཡམས་སྔོན་འགོག་ནུས་ལྡན་དང་ཁྱབ་འགྱེད་མི་འགྲོ་བ་བྱེད་རྒྱུར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཡོད།  

ནད་ཡམས་ལ་ཁ་གཏད་ཧུར་ཐག་གཅོག་ཆེད་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས།  འོས་གྲབས་དཔུང་ཁག་གསུམ་ལས་གྲུབ་པའི་རིགས་གཅིག་མཁས་ཅན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ།  འཕྲལ་སྡོམ་སྔོན་ཇུས་སྤེལ་འགོ་བཙུགས་པ་མ་ཟད་འཕྲལ་སྡོམ་བྱ་ཐབས་དང་ལས་ཀའི་ཇུས་གཞི་དུས་ཐོག་ཏུ་བཟོས་པ་རེད།  ནད་ཡམས་འགོག་ཟོན་འགོ་ཁྲིད་ཚོགས་ཆུང་གིས་གཅིག་འགྱུར་བཀོད་སྒྲིག་འོག  ད་ཆ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གཙོ་བོ་གོང་དཀར་འབབ་ཐང་དང་།  རི་ལིའི་འབབ་ཚུགས།  ལོགས་དབྱེའི་གསོལ་མགྲོན་ཁང་བཅས་དམིགས་འཛུགས་བྱས་པའི་དོགས་ཡོད་ནད་དཔེ་དབྱེ་འབྱེད་ཀྱི་ལས་ཀའི་འགན་འཁུར་གྱི་ཡོད། 

ནད་ཡམས་ཕྱི་ཕྱོགས་ནས་འགོས་ཁྱབ་མི་ཡོང་བ་བྱ་ཆེད་བོད་ལྗོངས་ཀྱིས་བོད་དུ་ཡོང་མཁན་ལོགས་དབྱེའི་ལམ་ལུགས་ནན་པོ་ལག་བསྟར་བྱས་པ་དང་།  སྡེ་ཁུལ་ཁག་གིས་ཀྱང་བྱ་ཐབས་ནུས་ལྡན་བཟུང་སྟེ་ཁྱིམ་དུ་ལོགས་དབྱེ་བྱེད་མཁན་ལ་སྐུལ་སློང་དང་རོགས་རམ་བྱེད་ཀྱི་ཡོད།  ལྷ་ས་གྲོང་ཁྱེར་ཁྲེང་ཀོང་ཆུས་གྲྭ་བཞི་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་པ་བསོད་ནམས་དགའ་སྐྱིད་ནས།  ཉེ་དུས་ང་ཚོའི་སྡེ་ཁུལ་ཁོངས་གཏོགས་སུ་བོད་དུ་ཕྱིར་ལོག་ནས་ཁྱིམ་དུ་ལོགས་དབྱེ་བྱེད་དགོས་པའི་ཚོང་པ་དང་གྲོང་མི།  ཕྱོགས་ཁག་ནས་ཡོང་བའི་ཞོར་ལས་པ་བཅས་ཚང་མར་ང་ཚོའི་སྨན་དོན་མི་སྣས་ཉིན་ལྟར་ཚ་བ་རྒྱས་མིན་སོགས་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་གསུངས། 

ནད་ཡམས་ཐོན་རྗེས་རང་སྐྱོང་ལྗོངས་མི་རྒྱུན་ཐིང་གིས་གང་མགྱོགས་མི་སྣ་ཐོ་འགོད་དང་རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུའི་སློབ་གསོ་རྒྱག་པ།  ལོགས་དབྱེ་བྱེད་པ་སོགས་ནད་ཡམས་འགོག་ཟོན་གྱི་བྱ་ཐབས་བཟུང་བ་མ་ཟད།  ད་དུང་བོད་དུ་ཕྱིར་ལོག་པའི་ལས་བཟོ་པ་ཚང་མར་ཕྱོགས་ཡོངས་ནས་ཞིབ་བཤེར་ཐོ་འགོད་བྱེད་ཀྱི་ཡོད། 

རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནད་ཡམས་སྔོན་འགོག་ཚོད་འཛིན་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀྲང་ཧྥུ་ཧྲེང་ནས།  མཉམ་འགོག་མཉམ་སྡོམ་གྱི་བྱ་ཐབས་བཟུང་སྟེ་འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་ནད་དཔེ་ལེབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ།  ལྗོངས་ཡོངས་སུ་ནད་ཡམས་འགོག་ཟོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།