བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཞིང་ལས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་ཐོག་སྨད་གྲོང་ཚོའི་སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་སྐྱོད་སྐབས། དེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་རུ་མིས་ང་ཚོའི་ལག་པ་དང་ལྷམ་སོགས་ལ་དུག་སེལ་ཡག་པོ་ཞིག་བྱས་བྱུང་། རིག་ནུས་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་སོ་ལོ་སྔོན་པོ་དང་། སོ་ལོ་དམར་པོ་ཆེ་རིགས། ཆི་ཙེ་སོགས་སྔོ་ཚལ་གང་སར་སྐྱེས་ཡོད་པས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་རྣམ་པ་ཞིག་མངོན་པ་དང་། ཞིང་པ་ཁ་ཤས་དེ་གར་སྔོ་ཚལ་འཐུ་བཞིན་འདུག ལས་མི་དཀོན་ཙམ་ཡོད་མོད། འོན་ཀྱང་ཐོན་སྐྱེད་རིམ་བཞིན་སླར་གསོ་བྱུང་འདུག

སྨན་རི་ཤང་ཐོན་ལས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧྭ་ཀང་གིས། ལས་མི་དེ་དག་མང་ཆེ་བ་ཉེ་འཁོར་གྲོང་ཚོ་ནས་རེད། ཉིན་ལྟར་སྔོ་ཚལ་རྟེན་གཞིས་ཉེ་འཁོར་གྱི་གྲོང་ཚོ་གྲོང་རྡལ་དང་ལས་མི་སྤྱོད་པའི་ཆ་འཕྲིན་སྤེལ་རེས་བྱེད་ཀྱི་ཡོད། དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་ལས་མི་བཀོད་གཏོང་བྱས་ནས་ལས་མི་བེད་སྤྱོད་དེ་བས་ལུགས་མཐུན་བྱེད་ཀྱི་ཡོད། ད་དུང་ཤང་སྲིད་གཞུང་གིས་ལས་མི་ཚང་མར་ཁ་རས་སོགས་ཀྱི་འགོག་སྲུང་དངོས་རྫས་སྤྲད་པ་དང་འབྲེལ། ལས་ཀ་བྱེད་རིང་རིམས་ནད་སྔོན་འགོག་ཚོད་འཛིན་དང་རང་སྲུང་ཤེས་བྱ་གསལ་འགྲེལ་བྱས་ནས་ཚང་མའི་འགོག་སྲུང་འདུ་ཤེས་ཟབ་ཏུ་དང་ཆུ་ཚད་མཐོ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།