བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་ང་ཕོད་འཇིགས་ཡོན་གྱིས་རུ་སྣེ་ཁྲིད་པའི་ལས་དོན་ཚོགས་ཆུང་དང་བཅས་པ་ལྷ་ས་གྲོང་ཁྱེར་གཞོང་པ་ལྷ་ཆུ་བོད་སྨན་སྤྱི་ཁྱབ་ཀུང་སིའི་བོད་སྨན་ཐོན་སྐྱེད་རྟེན་གཞི་དང་། ཡིའུ་ཕིན་སྒོ་རྩིས་ཚོང་ཁང་། དབུན་ཀྲོའུ་ཚོང་གྲོང་སོགས་སུ་ཕེབས་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཞིབ་བཤེར་ཡང་གནང་བ་རེད།

ལས་དོན་ཚོགས་ཆུང་དང་བཅས་པས་གཞོང་པ་ལྷ་ཆུ་བོད་སྨན་སྤྱི་ཁྱབ་ཀུང་སིའི་ཐོན་སྐྱེད་དང་། སྨན་བཟོས། སྤུས་བཤེར་སོགས་ཀྱི་ཁུལ་དུ་བསྐྱོད་དེ་ཁེ་ལས་དེས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་གདེང་འཇོག་གང་ལེགས་གནང་བ་མ་ཟད། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་འཕྲད་པའི་གནད་དོན་ཡང་མཁྱེན་རྟོགས་ཞིབ་ཕྲ་གནང་ནས། མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་ཀྱི་དུས་བབ་ལ་འགྱུར་ལྡོག་བཟང་པོ་འགྲོ་བཞིན་ཡོད། བོད་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྔར་བས་སློབ་སྦྱོང་ནན་ཏན་བྱེད་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་བཏོན་པའི“ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་མུ་མཐུད་ཡག་པོ་སྒྲུབ་པ་དང་ཆབས་ཅིག་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི”ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།