ནག་ཆུའི་དངུལ་རྩའི་ཁོངས་གཏོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་ཀྲུང་གོ་མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི《དངུལ་རྩས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྔར་བས་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞི་ཁག་སྒྲིག་འཛུགས་དང་ཁྲིད་སྟོན་ཧུར་ཐག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དངུལ་རྩའི་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་བཏང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐོན་ཁུངས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཐོགས་མེད་བགྲོད་ལམ་བཏོད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད།

ལས་སྒོ་གསར་པ་ཁྱབ་གདལ་ཧུར་ཐག་བཏང་ནས2020ལོའི་དངུལ་བུན་ཐོག་མ་གྲུབ་འབྲས་ཐོབ་པའི་ངང་གཏོང་འགོ་ཚུགས་ཡོད། བོད་ལྗོངས་ནག་ཆུ་དར་རྒྱས་གཞུང་ལམ་ལས་གྲྭ་འགན་འཁྲི་ཚད་ཡོད་ཀུང་སི་ནི་ནག་ཆུ་གྲོང་ཁྱེར་གྱི་རིམ་གཉིས་ཡན་གྱི་ཨར་སྐྲུན་འོས་བབ་ལྡན་པ་མ་ཟད། ས་ཆ་དེ་གའི་སྲིད་གཞུང་གིས་ཀྱང་ཁས་ལེན་བྱེད་པའི་འཛུགས་སྐྲུན་ཀུང་སི་ཞིག་རེད། ད་ཆ་ནག་ཆུ་གྲོང་ཁྱེར་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་གྱི་ལས་གྲྭའི་རྣམ་གྲངས་མང་ཆེ་བ་ཀུང་སི་དེས་བསྐྲུན་འགན་འཁུར་གྱི་ཡོད། མིག་སྔར་ལས་གྲྭའི་མ་དངུལ་དུས་ཐོག་ཏུ་མ་འབྱོར་བར་བརྟེན། ལས་གྲྭའི་རྒྱུ་ཆའི་དངུལ་དང་ལས་བཟོའི་གླ་ཆ་སོགས་སྤྲོད་མ་ཐུབ་པའི་གནས་ཚུལ་ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་ཏང་ཨུད་ཀྱིས་ཤེས་རྗེས། འཕྲལ་མར་ཆེད་མི་བཀོད་སྒྲིག་བྱས་ནས་ཁེ་ལས་ཀྱི་མཐོ་རིམ་དོ་དམ་མི་སྣ་དང་ཐད་ཀར་འབྲེལ་བ་བྱས་ཤིང་། ཁེ་ལས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་མ་དངུལ་བསྡུ་སྒྲིལ་གྱི་ཇུས་གཞི་བཟོས་པ་དང2020ལོར་དངུལ་བུན་སྒོར་ཁྲི800བཏང་ནས་ཁེ་ལས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་ཐག་གཅོད་བྱས་པ་རེད།

“Eགཏའ་འཇོག་དངུལ་བུན་”སོགས་དྲ་ཐོག་ནས་དངུལ་བུན་གཏོང་བའི་བྱེད་ཐབས་ཁྱབ་གདལ་ཧུར་ཐག་བཏང་ནས་དངུལ་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཞིང་། ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས“ཁྲོམ་ར་སྟོན་ཕྱོགས་སུ་བྱེད་པ་དང་འཛད་སྤྱོད་པ་ལྟེ་བར་བྱེད་རྒྱུ”མཐའ་འཁྱོངས་བྱས་ནས་གྲོང་ཁུལ་དང་། དེ་བཞིན“ཞིང་གསུམ”རྫོང་ཁོངས་ཀྱི་ཕྲན་ཚེགས་ཁེ་ལས། མཉམ་ལས་རྩ་འཛུགས་བཅས་སུ་བསྐྱོད་ནས་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་དང་། ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུའི་ཐོན་རྫས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ། ཕྲན་ཚེགས་ཁེ་ལས་ཀྱི“ཐུང་བ་དང་། ཆུང་བ། མྱུར་བ། དགོས་མཁོ་ཆེ་བ”སོགས་ཀྱི་དངུལ་རྩའི་དགོས་མཁོའི་ཁྱད་ཆོས་ལ་དམིགས་པ། ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩའི་དགོས་མཁོའི་ཁྱད་ཆོས་དང་མཐུན་པའི་ཡིད་རྟོན་ཐོན་རྫས་ཁྱབ་གདལ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཐད་ཐབས་ལམ་གསར་པ་གཏོད་ཡོད།

ཉེ་དུས་དཔལ་མགོན་རྫོང་ན་བླ་མ་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སི་དང་། དགའ་ཞོད་ཚོང་དོན་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཁང་། བོད་ལྗོངས་ནག་ཆུ་ཕུའུ་ཏེ་ཚོང་དོན་ཚད་ཡོད་ཀུང་སི་སོགས་ལ“Eགཏའ་འཇོག་དངུལ་བུན”ཁྱོན་སྒོར་ཁྲི395བཏང་ནས་ཐོན་སྐྱེད་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་རོགས་རམ་བྱས་པ་རེད།

ཀྲུང་གོ་མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཆོས་དར་གྱིས་ང་ཚོས་ད་ཡོད་ཀྱི་རྨང་གཞི་ཐོག་མངའ་ཁོངས་དངུལ་རྩའི་སྒྲིག་གཞིས་རིམས་ནད་ཐོན་རིང་གི་དཔལ་འབྱོར་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་དངུལ་རྩའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མུ་མཐུད་ཁྲིད་སྟོན་བྱས་ནས་ནག་ཆུའི་དཔལ་འབྱོར་འཁོར་སྐྱོད་ཐད་དངུལ་རྩའི་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།