བོད་ལྗོངས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་རུ་མི་གསུམ་ཝུའུ་ཧན་དུ་འབྱོར་ནས་ལས་དོན་ནང་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱི་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པར་བསྐྱོད་མཁན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རུ་མི3གྱི་ལན་འབྱོར་བ་ལྟར་ན། ཟླ2ཚེས18ཉིན་མི་གསུམ་པོ་ཧོ་ཧྥེ་ནས་ཝུའུ་ཧན་དུ་བདེ་འཇགས་ངང་འབྱོར་བ་དང་སྦྲགས་ལས་དོན་ནང་ཞུགས་པ་རེད། རུ་མི་ཚོས་འཁྱེར་བའི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞལ་འདེབས་བརྒྱབ་པའི་རིམས་འགོག་དངོས་ཟོག་ཀྱང་བདེ་བླག་ངང་རྩིས་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཝུའུ་ཧན་དུ་འབྱོར་རྗེས་རུ་མི་གསུམ་པོའི་གཟུགས་པོ་བདེ་མ་ཐང་པོ་ཡིན་པ་དང་སྙིང་སྟོབས་རབ་ཏུ་འཕེལ་བཞིན་རང་རང་གི་ལས་ཀར་ཧུར་ཐག་ཞུགས་པ་དང་། ཁོང་ཚོའི་ཁྲོད་ཀྱི་སུང་ཆི་ཧྥེ་ཝུའུ་ཧན་གྲོང་ཁྱེར་ཞི་ཧུའུ་ཆུས་ཤར་མའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་ལས་བགོས་བརྒྱབ་པ་དང་། ཚེས་18ཉིན་གྱི་ཕྱི་དྲོར་ལས་དོན་ནང་ཞུགས་པ་དང་། རུ་མི་པད་མ་འཕྲིན་ལས་ཝུའུ་ཧན་གྲོང་ཁྱེར་ཧོང་པོའོ་ཆུས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་ལས་བགོས་བརྒྱབ་པ་དང་། ཚེས་18ཉིན་གྱི་ཕྱི་དྲོར་ལས་དོན་ནང་ཞུགས་པ། རུ་མི་ཀུའོ་ལིན་ཧའེ་ཝུའུ་ཧན་གྲོང་ཁྱེར་ཤིན་ཀྲོའུ་ཆུས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་ལས་བགོས་བརྒྱབ་པ་དང་། ཚེས་18ཉིན་གྱི་ཕྱི་དྲོར་འབྲེལ་འདྲིས་ཟབ་མོ་ཡོད་མཁན་གཅིག་སྡུད་ལོགས་སུ་འཇོག་ས་གཉིས་ཀྱི་ས་ཆ་དངོས་ལ་ཤེས་རྟོགས་བྱེད་པར་བསྐྱོད་པ་རེད།

ཟླ་2ཚེས་19ཉིན་གྱི་དགོང་མོའི་ཆུ་ཚོད་21ཙམ་ལ་གསར་འགོད་པས་ཀུའོ་ལིན་ཧའེ་དང་འབྲེལ་བ་བྱེད་དུས་ཁོང་དེ་ཉིན་གྱི་ལས་ཀར་ཕྱོགས་སྡོམ་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།