ཁྲིམས་འགལ་ངང་རི་འཁྱར་སྲོག་ཆགས་ཉོ་ཚོང་བྱེད་པའི་བྱ་སྤྱོད་ལ་བོད་ལྗོངས་ཀྱིས་ཞིབ་བཤེར་ནན་པོ་བྱས།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རི་འཁྱར་སྲོག་ཆགས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་མི་ཆོག་པའི་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད།  བོད་ལྗོངས་ཀྱི་རིམ་ཁག་ནགས་ལས་རྩྭ་ཐང་ཚན་པས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཉེན་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས།  ལས་རིགས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་དང་རི་འཁྱར་སྲོག་ཆགས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་དོ་དམ་ཚོད་འཛིན།  སྤྱི་ཚོགས་ཀྱི་འགོག་བཅོས་ལ་རྒྱབ་སྐྱོར་བཅས་ཀྱི་འགོག་སྲུང་ལྷས་ར་བརྟན་པོ་བཙུགས་ཡོད།  ཁྲིམས་འགལ་ངང་རི་འཁྱར་སྲོག་ཆགས་ཉོ་ཚོང་བྱེད་མཁན་ཡོད་མེད་ཐད་སྤྱི་ཚེས7ཉིན་བར་གྲོང་ཁྱེར༼ས་ཁུལ༽ཁག་གི་ནགས་ལས་རྩྭ་ཐང་ཚན་པས།  སྔ་ཕྱི་བསྡོམས་ཉེན་རྟོག་པ་མི་ཐེངས300ལྷག་ཙམ་བཏང་ནས་ལེབ་བཤེར་བྱེད་སྒོ་ཐེང20ལྷག་ཙམ་སྤེལ་བ་དང་།  ལེབ་བཤེར་བྱས་པ་བརྒྱུད་བོད་ལྗོངས་སུ་ཁྲིམས་འགལ་ངང་རི་འཁྱར་སྲོག་ཆགས་ཉོ་ཚོང་བྱེད་མཁན་གཅིག་ཀྱང་ཐོན་མེད།

ལྷ་ས་གྲོང་ཁྱེར་གྱིས་དུས་ངེས་མེད་དང་དམིགས་ས་ཡོད་པའི་སྒོ་ནས་རི་འཁྱར་སྲོག་ཆགས་འདུས་གསོ་དང་གཉེར་སྐྱོང་བེད་སྤྱོད་བྱེད་གནས།  མེ་ཏོག་དང་བྱ་རིགས་ཁྲོམ་ར་སོགས་གཙོ་གནད་ཁུལ་དུ་སྐོར་ཞིབ་མཐིལ་རྟོགས་བྱས་ཡོད་པ་དང་།  མང་ཚོགས་ལ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དང་།  རི་འཁྱར་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས།  རི་འཁྱར་སྲོག་ཆགས་ཐོན་ཁུངས་ལ་གཏོར་སྐྱོན་བཏང་ཚེ་ཁྲིམས་ལུགས་ཀྱི་ཆད་པ་ག་རེ་ཕོག་གི་ཡོད་མེད་སོགས་དྲིལ་བསྒྲགས་བྱས་པ་རེད།

སྤྱི་ཟླ2པའི་ཚེས2ཉིན་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ནགས་ལས་རྩྭ་ཐང་ཚན་པས་སྔ་ཕྱི་བསྡོམས་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་ཞོར་ཁྲོམ་ར་དང་ཡུལ་ཟོག་ཚོང་ཁང8ལ་རི་འཁྱར་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་།  ཞིབ་བཤེར་བྱས་པ་བརྒྱུད་ཁྲིམས་འགལ་ངང་རི་འཁྱར་སྲོག་ཆགས་ཚོང་གཉེར་དང་སྐྱེལ་འདྲེན།  གང་བྱུང་དུ་རྔོན་རྒྱག་པ་སོགས་ཀྱི་བྱ་སྤྱོད་ཐོན་མེད།

སྤྱི་ཟླ2པའི་ཚེས3ཉིན་གཞིས་རྩེ་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཁྲིམས་འཛིན་མི་སྣ་སྒྲིག་འཛུགས་བྱས་ཏེ་རི་འཁྱར་སྲོག་ཆགས་གི་ནད་ཡམས་ཡོང་ཁུངས་དང་ནད་ཡམས་སྔོན་འགོག་ཚོད་འཛིན།  ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ཤེས་བྱ་སོགས་དྲིལ་བསྒྲགས་བྱས་ཡོད།

ཉེ་དུས་ལྷོ་ཁ་དང་མངའ་རིས།  ནག་ཆུ་སོགས་གྲོང་ཁྱེར༼ས་ཁུལ༽གྱི་ནགས་ལས་རྩྭ་ཐང་ཚན་པས་ཀྱང་སྔ་རྗེས་སུ་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་།  ཁྲིམས་འགལ་ངང་རི་འཁྱར་སྲོག་ཆགས་ཉོ་ཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་ཆེད་རིགས་ཁག་གི་ཞིང་ཞོར་ཐོན་རྫས་ཁྲོམ་ར་དང་བཟའ་བཅའ་ལས་སྣོན་ཁང་།  ཡུལ་ཟོག་སྒོ་རྩིས་ཚོང་ཁང་།  མི་ཐབས་ཀྱིས་རི་འཁྱར་སྲོག་ཆགས་གསོ་སྤེལ་བྱེད་གནས་སོགས་སུ་རི་འཁྱར་སྲོག་ཆགས་དང་དེའི་ཐོན་རྫས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་མཁན་ཡོད་མེད་ལ་ཞིབ་བཤེར་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།