མངའ་ཁོངས་སྲུང་བ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས།

—— ཇོ་མོ་གླང་མའི་རི་གཤམ་གྱི་གྲོང་ཚོར་སྐྱོད་པ།

ee3dfdc9-7f25-491f-8afe-34e83846efdd.jpg.1.jpg

འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ཐོས་བསམ་གླིང་གྲོང་ཚོ་ཡིན་པ།

ཡུལ་སྐོར་བ་དང་རི་འཛེག་རུ་མིའི་མིག་ལམ་དུ་འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་ནི་ཧ་ཅང་མཐོ་བ་དང་ས་ཐག་རིང་བའི་སར་གནས་ཡོད། འོན་ཀྱང་ཕ་ཚ་བུ་རྒྱུད་རི་གཤམ་དུ་འཚོ་བ་སྐྱེལ་མཁན་མི་རྣམས་ཀྱི་ངོས་ནས་བརྗོད་ན་ཇོ་མོ་གླང་མ་ནི་ཁོང་ཚོའི་འཚོ་བའི་རྟེན་ས་དང་སེམས་ཀྱི་རྟེན་ས་ཞིག་ཀྱང་ཡིན།

རང་ཡུལ་དུ་ལོག་པ།

ལོ་33ལ་སླེབས་པའི་བསོད་ནམས་ཀྱིས་ལོ་གསར་སྔོན་གྱི་ཉིན་བཞིའི་མདུན་དུ་རང་ཉིད་ཀྱི་ཕ་ཡུལ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ཐོས་བསམ་གླིང་གྲོང་ཚོར་ལོག

བཀྲ་ཤིས་འཛོམས་ཤང་ནི་ཇོ་མོ་གླང་མ་དང་བར་ཐག་ཉེ་ཤོས་ཀྱི་སྲིད་འཛིན་ཤང་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཡོད། ཐོས་བསམ་གླིང་གྲོང་ཚོ་ནས་རླངས་འཁོར་སྐར་མ་40ལྷག་ཙམ་བསྡད་ཚེ་ཇོ་མོ་གླང་མའི་སྒར་ས་ཆེན་པོར་སླེབས་ཀྱི་ཡོད། དུས་ཚིགས་དེར་ཡུལ་སྐོར་བ་མང་བའི་དུས་སུ་འགྲུལ་པར་མཁོ་འདོན་བྱས་པའི་གནས་སྐབས་གུར་ཚང་མ་བཤིག་ཟིན་པས་སྒར་ཁུལ་དུ་གང་ཡང་མཐོང་རྒྱུ་མེད་། ཡིན་ནའང་ཡུལ་སྐོར་བ་རེ་གཉིས་ཀྱིས་རླངས་འཁོར་ནས་བབས་ཏེ་ས་མཐོའི་དགུན་དུས་ཀྱི་གྲང་རླུང་ལ་མ་འཛེམ་པར་ཁ་ཤས་བརྒྱབ་རྗེས་བསྐྱར་དུ་རླངས་འཁོར་བསྡད་དེ་ཐོན་གྱི་ཡོད།

འོན་ཀྱང་སྐབས་དེ་དུས་ནི་བཀྲ་ཤིས་འཛོམས་ཤང་གི་སྲིད་འཛིན་གྲོང་ཚོ་30ཡི་ལོ་གཅིག་དུས་གཅིག་གི་དུས་ཆེན་འཁྲུག་ཤོས་ལོ་གསར་འཆར་གྲབས་ཡོད། གཙང་ཁུལ་དུ་ལོ་ལྟར་གྱི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་གསར་གཏོང་སྲོལ་ཡོད་པ་དང་འདི་ལོའི་གཙང་གི་ལོ་གསར་དེ་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་ཉིན་གཅིག་ལ་འཁེལ་བས་ཕ་ཡུལ་ནས་བྲལ་བའི་ཡུལ་མི་མང་ཆེ་བ་ལོ་མཇུག་ཏུ་རང་ཡུལ་ལ་ལོ་གསར་གཏོང་བར་ཡོང་གི་ཡོད།

བསོད་ནམས་ཀྱི་ཕ་མེས་རྣམས་ཡི་གེ་ཤེས་ཀྱི་མེད། འོན་ཀྱང་ད་ཆ་མི་གྲངས་8000མ་ཟིན་པའི་བཀྲ་ཤིས་འཛོམས་ཤང་དུ་སློབ་ཆེན་དང་། སློབ་འབྲིང་། སློབ་ཆུང་བཅས་ཀྱི་སློབ་མ་1700ལྷག་ཙམ་ཡོད། བསོད་ནམས་ལོ་17སྐབས་སུ་ཁྱིམ་ནས་ཐོན་ཏེ་རི་འཛེག་ལམ་སྣེ་བ་ཞིག་བྱས་པ་དང་། དེ་ནས་བོད་ལྗོངས་རི་འཛེག་མཐུན་ཚོགས་ནང་ཚུད་དེ་ལོ་ལྟར་ཇོ་མོ་གླང་མར་ལས་ཀ་བྱེད་པར་ཡོང་དགོས་ཀྱི་ཡོད། ཁོང་ཁྱིམ་གྱི་གཅེན་གཅུང་དགུའི་ཁྲོད་ཀྱི་མི་གཅིག་མ་གཏོགས་ཚང་མ་ཕྱིར་ལས་ཀར་བསྐྱོད་པ་དང་། སློབ་གྲྭར་ཕྱིན་པ། ཁྱིམ་བཙུགས་ལས་གཉེར་བྱེད་པ་སོགས་བྱས་ནས་ཇོ་མོ་གླང་མའི་བུ་ཕྲུག་དེ་བས་མང་བ་ཕྱིའི་འཇིག་རྟེན་གང་སར་གཞིས་ཚུགས་ཡོད།

ཇོ་མོ་གླང་མའི་རི་གཤམ་དུ་རྨོ་འདེབས་ཀྱི་དུས་ཚིགས་ནི་ཧ་ཅང་ཐུང་ཐུང་ཡིན། ཟླ་བཞི་པའི་ཟླ་མཇུག་ཏུ་བཏབ་ན་ཟླ་དགུ་པར་ལོ་ཏོག་བརྔ་བསྡུ་ཟིན་གྱི་ཡོད། འོན་ཀྱང་ཞིང་པ་ཚོ་དགུན་དུས་སྔར་བཞིན་བྲེལ་བ་ཆེ་ཞིང་། ད་ལོ་ལོ་51ལ་སླེབས་པའི་བསོད་ནམས་ཀྱི་ཁྱིམ་མཚེས་སྐལ་བཟང་གིས་ཉིན་གཅིག་གི་ཁོམ་པ་སྤྱད་ནས་བསོད་ནམས་ཁྱིམ་དུ་ལོ་གསར་གོང་གི་མཉམ་འཛོམས་དེ་ཡང་ཁོང་གི་ངོས་ནས་བརྗོད་ན་རྩ་ཆེ་བའི་གོ་སྐབས་ཤིག་ཏུ་གྱུར་ཡོད།

ཞིང་ནང་གཡོག་བྱེད་བྱེད་མི་དགོས་པའི་སྐབས་སུ། སྐལ་བཟང་ཁྱིམ་དུ་པང་གདན་བཏགས་ནས་སྡོད་ཀྱི་ཡོད། དེ་སྔ་དུད་ཚང་དབུལ་པོ་ཡིན་པའི་ཁོ་མོར་ཞིང་ལས་ཕུད། པང་གདན་བཙོངས་ནས་ཡོང་འབབ་གསོག་པའི་ཐབས་བཟང་ཞིག་རྙེད། ལོ་གསར་སྐབས་མི་རྣམས་གྱོན་ཆས་གསར་པ་ཉོ་བའི་དང་དོད་ཆེ་བས་དེའི་དུས་སུ་སྐལ་བཟང་ལས་བྲེལ་ཆེ་ཤོས་རེད།

“དུད་ཚང་དབུལ་པོ་ཡིན་པའི་སྐབས་སུ་ངོ་ཚ་པོ་འདུག”ཅེས་གད་མོ་དགོད་རྒྱུར་དགའ་བའི་སྐལ་བཟང་གིས་ཁ་ངོ་བཀབ་ནས་དེ་ལྟར་བཤད། བཀྲ་ཤིས་འཛོམས་ཤང་གི་དུད་ཚང་དབུལ་པོ་ཚང་མར་ཉུང་མཐར་ཡང་སྲིད་ཇུས་ཀྱི་ཁ་གསབ་རེ་ལོངས་སུ་སྤྱོད་རྒྱུ་ཡོད་ཀྱང་། སྐལ་བཟང་གིས“རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཡོང་འབབ་གསོག་རྒྱུའི”སེམས་ཐག་བཅད།

ཐབས་ཤེས་ག་ཚོད་བཏང་ཡང་དེར་ཚད་བཀག་ཡོད། གང་ཡིན་ཞེ་ན། ཤང་དེ་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་པ་དང་ལྟེ་བའི་ཁུལ་གྱི་ས་ཆ་མང་ཆེ་བར་འཛུགས་སྐྲུན་བྱེད་མི་ཆོག་པས། སྣོད་བཅུད་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འབབ་འཕར་དབར་སྙོམས་སྒྲིག་བྱ་རྒྱུ་དེ་ལས་ས་ཆ་དེའི་མི་རྣམས་ལ་ཚོད་བགམ་ཆེན་པོ་འཕྲད།

ཇོ་མོ་གླང་མར་སྐྱོད་སའི་ལམ་གཅིག་ལས་མེད། གཞུང་ལམ་གྱི་ཉེ་འགྲམ་དུ་གནས་པའི་གྲོང་ཚོ་ནས་ཇོ་མོ་གླང་མ་མིག་ལམ་དུ་མངོན་ཐུབ་པའི་པ་གསུམ་གྲོང་ཚོ་འདི་ཉིད་ཞག་སྡོད་བྱེད་སའི་གྲགས་ཅན་གྲོང་ཚོར་འཕེལ་རྒྱས་བྱུང་ཡོད། པ་གསུམ་གྲོང་ཚོ་ནས་མདུན་ཕྱོགས་སུ་སྤྱི་ལེ་30ལྷག་ཙམ་སར་ཡོད་པའི་ཡུལ་སྐོར་བའི་སྒར་ས་ཆེ་མོར། ཡུལ་སྐོར་བའི་གུར་ཚང་མ་བཀྲ་ཤིས་འཛོམས་ཤང་གི་གྲོང་མིས་གཉེར་སྐྱོང་བྱེད་ཀྱི་ཡོད། གུར་58ཀྱི་གཉེར་སྐྱོང་དབང་ཆའི་བསྡུར་གྲངས་ལ་གཞིགས་ནས་གྲོང་ཚོ་20ལ་བགོ་བཤའ་བརྒྱབ་པར་ན་ནིང་ཁྱོན་ཡོང་འབབ་སྒོར་ཁྲི་1100ལྷག་ཙམ་ཟིན་ཡོད།

ཡུལ་སྐོར་གཉེར་སྐྱོང་ནང་ཐད་ཀར་ཞུགས་མཁན་སྔར་བཞིན་ཉུང་ཉུང་ཡིན་པ་དང་། གྲོང་མི་ཚོ་ཡང་ཕྱུག་པོ་ཆགས་འདོད་ཡོད་པ་ཤ་སྟག་ཡིན་རྐྱེན། ཤང་གིས་གྲོང་མིས་གུར་རེ་ནས་གྲོང་ཚོར་བོགས་དངུལ་སྒོར་ཁྲི་6སྤྲོད་དགོས་པའི་གཏན་འབེབས་བཟོས། དེ་ཕྱིར་པ་གསུམ་གྲོང་ཚོས་བོགས་དངུལ་གྱི་བརྒྱ་ཆ་བརྒྱད་ཅུ་གྲོང་མིར་བགོ་བཤའ་བརྒྱབ་ཡོད།

འོན་ཀྱང་ཡུལ་སྐོར་ལམ་ཐིག་དང་ཐག་རིང་གྲོང་ཚོའི་དཀའ་ངལ་བོགས་དངུལ་དེ་དག་གིས་སེལ་ག་ལ་ཐུབ། 2019ལོར་གྲོང་ཚོ་ཚང་མར་མཉམ་ལས་ཁང་བཙུགས། ཤང་དེ་ཡོངས་ཀྱི་འབྲོག་ལས་གྲོང་ཚོ་གཙང་པོ་གྲོང་ཚོ་ཁོ་ནར་འབྲོག་དུད་ཆེ་བས་ངེས་པར་ཕྱུགས་རིགས་ཉུང་བའི་དུད་ཚང་ལ་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་ནས་ཕྱུགས་རིགས་ཉུང་བའི་དུད་ཚང་རེར་བཞོན་མ་གཉིས་རེ་བགོ་བཤའ་བརྒྱབ་སྟེ་གསོ་སྤེལ་འགན་གཙང་ལེན་དུ་བཅུག

ལོ་36ལ་སླེབས་པའི་དུད་ཚང་དབུལ་པོ་བཀྲ་ཤིས་ལ་བཞོན་མ་བགོ་བཤའ་བརྒྱབ་པ་དེས་བློ་ཡིད་མ་ཚིམ་པར་གྲོང་ཚོའི་ནང་སྐྱེལ་འདྲེན་ལས་ལ་ཞོལ། ཁོ་པའི་ལོ་10ལ་སླེབས་པའི་བུ་ཆེ་བ་ངག་དབང་ཚེ་རིང་གིས་རང་གི་པ་ཕར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། པ་ཕ་གྲོང་ཚོའི་ནང་བསྡད་ན་བསམ་གྱི་འདུག་གམ་ཞེས་འདྲི་སྐབས། བུ་ཆུང་ཆུང་གི་ངོ་གདོང་ལས་འཚེར་སྣང་དང་བཅས་མགོ་བོ་ལྕོག་ལྕོག་བྱེད་བཞིན་དུ་པ་ཕས་ཕྱིར་བསྐྱོད་པ་ནི་ནང་མི་ཚོའི་འཚོ་བ་དེ་བས་ཡག་པ་ཡོང་བའི་ཆེད་ཡིན་པ་གསུངས་མྱོང་ཞེས་བཤད།

བཀྲ་ཤིས་ཀྱི་གདམ་ག་དེ་མི་མང་ཆེ་བ་ནོར་ལུག་ལ་བརྟེན་ནས་འཚོ་གོས་འཕྱིས་ཙམ་གྱིས་འཚོ་བ་སྐྱེལ་བཞིན་པའི་རྫ་ཕུ་གྲོང་ཚོར་མཐོང་རྒྱུ་དཀོན་ཡང་བཀྲ་ཤིས་འཛོམས་ཤང་དུ་མང་པོ་ཡོད། ཤང་གིས་ན་ནིང་གཡོས་སྦྱོར་དང་ཁ་ལོ་བ་སོགས་ཀྱི་གསོ་སྦྱོང་ཐེངས་མང་བྱས། ཐོན་ལས་གཉེར་རྒྱུ་དེ་སྣོད་བཅུད་ཀྱི་དམར་ཐིག་ལས་མི་བརྒལ་བའི་གནས་ཚུལ་འོག ཕྱིར་གླ་པར་བསྐྱོད་རྒྱུ་ནི་དར་སྲོལ་ཞིག་ཏུ་གྱུར་ཡོད། མངའ་ཁོངས་བསྲུང་རྒྱུ་ནི་མི་རྣམས་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་སའི་ཐོག་འཚོ་བའི་རྒྱུན་བསྐྱངས་པ་ཞིག་ཡིན་ལ། ཡུལ་ཕྱོགས་གཅིག་གི་ས་ཆ་རྒྱུན་མཐུད་སྲུང་བའི་གསོན་ཤུགས་མངོན་པར་བྱེད་པ་ཞིག་ཀྱང་ཡིན།

གངས་རིར་བཅངས་པའི་བརྩེ་སེམས།

“ཇོ་མོ་གླང་མའི་འདབས་ཀྱི་གྲོང་ཚོ”ཞེས་གྲགས་ཀྱང་བཀྲ་ཤིས་འཛོམས་ཤང་གི་གྲོང་ཚོ་མང་ཆེ་བ་ནས་ཇོ་མོ་གླང་མ་ཐད་ཀར་མིག་ལམ་དུ་མངོན་མི་ཐུབ་ཀྱང་ཇོ་རིའི་འདབས་སུ་འཚར་ལོངས་བྱུང་བའི་ཕྲུ་གུ་ཚོས་ཕ་ཡུལ་གྱི་ནུབ་ཕྱོགས་སུ་འགྱིང་ངེར་གནས་པའི་ཇོ་མོ་གླང་མའི་གངས་རི་དེ་ནམ་ཡང་སེམས་དབུས་སུ་གནས་ཡོད།

“ཇོ་མོ་གླང་མ་ནི་ང་ཚོའི་འཚོ་བའི་རྟེན་ས་ཡིན་པས་བཀའ་དྲིན་ཤིན་ཏུ་ཆེ”འདི་ནི་རི་འཛེག་ལམ་སྣེ་ཁྲིད་མཁན་བསོད་ནམས་ཀྱི་སེམས་གཏིང་གི་སྐད་ཆ་ཡིན་ལ། ཁལ་པ་མི་རེ་ངོ་རེའི་སེམས་སྒྲ་ཡང་ཡིན། རི་འཛེག་དུས་ཚིགས་སུ་སླེབས་རིམ་བཞིན་ཤང་དེའི་གྲོང་ཚོ་23གྱི་གྲོང་མི་ཚོས་གཡག་དེད་ནས་རི་འཛེག་རུ་ཁག་ལ་དངོས་ཟོག་སྐྱེལ་རོགས་བྱེད་ཀྱི་ཡོད་ལ། རི་སྟེང་གི་གད་སྙིགས་ཀྱང་བསྒྲུགས་ནས་ཡོང་འབབ་གསོག་ཐབས་བྱེད་ཀྱི་ཡོད། ཁ་ལུང་གྲོང་ཚོའི་རྣམ་རྒྱལ་ལ་ན་ནིང་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་བ་དང་། འབྲི་གཡག་ནི་ཁོང་ཁྱིམ་གྱི་ནོར་བུ་ལྟ་བུ་ཡིན་སྟབས་རྨོ་འདེབས་བྱེད་ལ་གཏན་ནས་སྤྱོད་ཀྱི་མེད། ཐེངས་ཤིག་ཁ་བ་བུ་ཡུག་གི་གནམ་གཤིས་བསྟན་སྐབས། རྣམ་རྒྱལ་གྱིས་རང་ཉིད་ཀྱི་བདེ་སྡུག་ལ་བསམ་བློ་མ་བཏང་བར་ཇོ་མོ་གླང་མར་ཕྱོགས་ནས“གཡག་དེ་ཚོར་འཚེ་བ་མེད་པའི”གསོལ་བ་སྨོན་ལམ་བཏབ།

ཇོ་མོ་གླང་མར་བརྟེན་ནས་མི་སྒེར་ཕྱུག་པོ་ཆགས་པ་དང་། གྲོང་ཚོ་ཁ་ཤས་ཀྱིས་སྦྲ་གུར་གྱི་བོགས་དངུལ་དང་འབྲི་གཡག་གི་ཡོང་འབབ་གྲོང་ཚོ་མཉམ་སྡེབ་ཀྱི་གྲོན་དངུལ་དུ་བརྩིས་ཏེ་སྤྱི་པའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད་པ་རེད། ན་ནིང་པ་གསུམ་གྲོང་ཚོའི་ཆུ་ཡུར་དང་ཆུ་ལོག་བཤང་བའི་སྒྲིག་ཆས་བསྐྱར་དུ་ཉམས་གསོ་བྱས་པ་དང་། ཐོས་བསམ་གླིང་གྲོང་ཚོས་གྲོང་ཚོ་མཉམ་སྡེབ་བྱེད་སྒོ་ཁང་རྒྱ་བསྐྱེད་བཏང་བ་རེད། གྲོང་ཚོའི་ཀྲུའུ་རེན་ལྷུན་གྲུབ་ཀྱིས་ཇོ་མོ་གླང་མའི་དཔལ་འབྱོར་ནི་གྲོང་ཚོ་མཉམ་སྡེབ་ཀྱི་གྲོན་དངུལ་ཡོང་ཁུངས་གཙོ་བོ་ཡིན་ཞེས་བརྗོད།

ད་ལོ་ནི་བཀྲ་ཤིས་འཛོམས་ཤང་2018ལོར་དབུལ་སྒྲོལ་བྱུང་རྗེས་ཀྱི་ལོ་གསར་གཏོང་ཐེངས་གཉིས་པ་དེ་ཡིན་པ་དང་། སྲོལ་རྒྱུན་གྱི་མཛད་སྒོ་མང་པོ་སྤེལ་དགོས་ཀྱང་མི་རྣམས་ཀྱིས་དམིགས་བསལ་དུ་ཇོ་མོ་གླང་མར་མཆོད་འབུལ་བྱེད་མཁན་མེད།

ལོ་84ལ་སླེབས་པའི་རྒན་མོ་ཚེ་དབང་གིས་རང་ཉིད་ཀྱིས་ཇོ་མོ་གླང་མ་ཐོག་མར་མཐོང་བའི་རྣམ་པ་དེ་ད་དུང་སེམས་སུ་བརྟན་པོར་ངེས་ཀྱི་ཡོད། ཁོང་གིས“ང་ཆུང་དུས་ཐོས་བསམ་གླིང་གྲོང་ཚོར་གཡོག་པོ་རྒྱུག་མྱོང་། དེ་རྗེས། ཤང་གི་གཞུང་ལམ་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་བར་ཤར་གཏོང་ཐུབ་པས་ང་བུ་མོ་དང་མཉམ་དུ་རླངས་འཁོར་ལ་བསྡད་དེ་ཇོ་མོ་གླང་མའི་འདབས་སུ་སྐྱོད་པ་ཡིན། ཟུར་གསུམ་དབྱིབས་ཀྱི་བརྗིད་ཉམས་ལྡན་པའི་རི་བོ་དེ་མིག་ལམ་དུ་འཆར་དུས་ངས་དེ་ནི་ཅི་འདྲའི་བརྗིད་ཉམས་དང་མཛེས་སྡུག་ལྡན་པ་ཞིག་རེད་ཨང”ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།