ཏིང་གཡས་ཤན་གྱིས་ལྷ་སར་ཆོས་ལུགས་ཁྱབ་ཁོངས་ནས་བརྟན་ལྷིང་སྲུང་སྐྱོང་དང་ནད་ཡམས་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ཐད་བརྟག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་འབྲས་སྤུངས་དགོན་དང་སེ་ར་དགོན།  ར་མོ་ཆེ།  གཙུག་ལག་ཁང་བཅས་སུ་ཆོས་ལུགས་ཁྱབ་ཁོངས་ནས་བརྟན་ལྷིང་སྲུང་སྐྱོང་དང་ནད་ཡམས་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ཐད་བརྟག་ཞིབ་གནང་བར་ཕེབས་པ་རེད། 

ཏིང་གཡས་ཤན་གྱིས་བརྟག་ཞིབ་གནང་རིང་།  རྒྱ་ཆེའི་ཆོས་ལུགས་རིགས་གྲས་ཀྱི་མི་སྣས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་མཚམས་འདིར་བརྡ་ལེན་མཐའ་གཅིག་ཏུ་ཞུ་བ་དང་།  ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ།  བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་པ་བཅས་བྱས་ཏེ།  ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་འགན་སྲུང་བྱེད་སྟངས་དང་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། 

ཏིང་གཡས་ཤན་ནས་དེང་སྐབས་བོད་ལྗོངས་འདི་ཉིད་ནད་ཡམས་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་མཚམས་སུ་གནས་ཡོད་ལ་བརྟན་ལྷིང་སྲུང་སྐྱོང་གི་འགག་རྩའི་དུས་སུ་ཡང་སླེབས་ཡོད་པས།  ང་ཚོས་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་བློ་སྔར་བས་ཆེ་རུ་བཏང་སྟེ།  གཏན་འཁེལ་ཟིན་པའི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་བྱས་ནས་རིགས་ཁག་གི་ཉེན་ཁ་དང་མངོན་མེད་རྐྱེན་རྩ་སེལ་བ་དང་དོགས་ཟོན་བྱེད་པ།  དོན་འཁྱོལ་བྱེད་རྒྱུའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ།  བརྟན་ལྷིང་སྲུང་སྐྱོང་དང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལྷུ་ཚིགས་ཁག་ནང་གནས་པའི་གནད་དོན་ལ་དབྱེ་ཞིབ་ནན་ཏན་བྱས་ཐོག  བྱ་ཐབས་ལེགས་བཅོས་དང་བྱ་ཐབས་བཟུང་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་།  ཆད་སྐྱོན་གསབ་པ་དང་ཞན་ཆ་སེལ་ཏེ་ཁྲིམས་ལྟར་དོ་དམ་དང་ཁྲིམས་ལྟར་བཅོས་སྐྱོང་གི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད། 

ཏིང་གཡས་ཤན་ནས་ཆོས་ལུགས་རིགས་གྲས་ཀྱི་མི་སྣས་བོད་བརྒྱུད་ནང་བསྟན་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་ཡོང་རྒྱུ་རྒྱུན་འཁྱོངས་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།  རང་འགུལ་ངང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ།  ནུས་ཤུགས་ཡོད་རྒུས་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་དེའི་ནང་ཞུགས་ཏེ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།