ལྗོངས་ཡོངས་ཀྱི་དངོས་ཟོག་འགན་ལེན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས4ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ལྷ་སར་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དང་། ལྗོངས་འཕེལ་སྒྱུར་ཨུ་ལྷན། ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་སོགས་སྡེ་ཚན་གསུམ་གྱི་འགན་འཁུར་བས་རང་ལྗོངས་ཀྱི་སྨན་བཅོས་འགོག་སྲུང་དངོས་པོ་དང་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དངོས་པོ་འགན་ལེན་དང་དེ་བཞིན་ཁྲོམ་རའི་ལྟ་འདོམས་ལས་ཀའི་གནས་ཚུལ་ཐད་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་མྱུར་དུ་བྱ་སྤྱོད་སྤེལ་བ་དང་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་དངོས་ཟོག་གྲབས་གསོག་ཧུར་ཐག་བྱེད་པ་མ་ཟད། ལྗོངས་ཡོངས་ཀྱི་དངོས་ཟོག་འགན་ལེན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། ཁྲོམ་རའི་རིན་གོང་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བས་ལྗོངས་ཡོངས་ཀྱི་ཁྲོམ་རའི་སྒྲིག་ལམ་སྤྱིའི་ཆར་བཟང་བ་དང་། བཟའ་བཅའ་མཁོ་ཚོང་སྤྱིར་བརྟན་པོ་ཡོད་པ། བཟའ་བཅའ་དང་སྨན་རྫས་ཀྱི་རིན་གོང་བརྟན་པ། སྣུམ་རླངས་གྲབས་གསོག་འབེལ་བ་བཅས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་འབྲུ་རིགས་དང་། ཤ་རིགས། སྔོ་ཚལ་སོགས་ལྗོངས་ཡོངས་ཀྱི་གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་པའི་བཟའ་བཅའ་རིགས་38འབེལ་པོ་ཡོད་པའི་ཁར། རིན་གོང་སྤྱིའི་ཆར་བརྟན་པོ་ཡོང་བ་རྒྱུན་འཁྱོངས་ཐུབ་ཡོད། བཟའ་སྣུམ་དང་། ཀྲོ་མ་ཀྲུ། ཕག་པའི་ཤ་མ་རུས་སོགས་ཚོང་ཟོག་ཁག་གཅིག་གི་རིན་གོང་ཅུང་འཕར་བ་དང་། སྨན་རྫས་ཀྱི་རིན་གོང་འཕར་མེད་པ་རེད། ཟོག་ཁུངས་རྩ་འཛུགས་དང་འགྲིམ་འགྲུལ་ཟོག་འགྲེམས་སོགས་རྒྱུ་རྐྱེན་གྱིས་རྐྱེན་པས་སྨན་རྫས་ཁག་གཅིག་ཁྲོམ་རར་མཁོ་སྤྲོད་མི་འདང་བའི་གནད་དོན་ཐོན་ཡོད། མིག་སྔར་རང་སྐྱོང་ལྗོངས་ཀྱིས་སྤྱི་འདོམས་མཐུན་སྦྱོར་ངང་ཐག་གཅོད་མགྱོགས་པོ་བྱེད་བཞིན་ཡོད། དེ་དང་ཕྱོགས་མཚུངས་ལྗོངས་ཡོངས་ཀྱི་གློག་ཤུགས་མཁོ་འདོན་བརྟན་པོ་དང་སྣུམ་རླངས་གྲབས་གསོག་འབེལ་པོ་ཡོད་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་གསལ། རིམས་ནད་ཐོན་ཚུན་ཁྲོམ་རའི་རིན་གོང་སྒྲིག་ལམ་ལ་སྲུང་སྐྱོང་དང་། རིམས་ནད་དང་འབྲེལ་བའི་ཁྲོམ་རའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བཅས་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་ཕྱོགས་གཅིག་ནས་ཁྲོམ་རའི་བྱེད་པོ་དང་གཉེར་སྐྱོང་མཁན་གྱི་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་ལས་དོན་ཧུར་ཐག་ངང་ཡག་པོ་སྒྲུབ་སྟེ་ཟོག་གོང་ཚོད་འཛིན་བརྟན་པོ་ཡོང་བ་སོགས་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། གཅིག་ཤོས་ནས་ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཁོ་གལ་ཆེ་བའི་དངོས་པོ་དང་དེ་བཞིན་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྔོ་ཚལ་དང་། ཤ་རིགས། སྒོ་ང་སོགས་ཐོན་ཟོག་ལ་དམིགས་ཏེ། རིན་གོང་གི་སྒྲིག་ལམ་དང་སྤུས་ཚད་བདེ་འཇགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད། མིག་སྔའི་བར་ཁྲོམ་རའི་ལྟ་འདོམས་སྡེ་ཚན་གྱིས་རིན་གོང་དང་འབྲེལ་བའི་བློ་འདྲི་དང་ཐེར་འདོན་236ཐག་གཅོད་བྱས་པའི་ནང་ཁ་རས་ཀྱི་རིན་གོང་ཐེར་འདོན་བྱེད་ཐེངས་49ཐག་གཅོད་བྱས་པ་དང་། སྔོ་ཚལ་དང་འབྲས་སོགས་ཀྱི་ཐེར་འདོན་བྱེད་ཐེངས་53ཐག་གཅོད་བྱས་པས་རིན་གོང་འཕར་བའི་རྣམ་པ་ཚོད་འཛིན་ནུས་ལྡན་ཐུབ་ཡོད། འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་ཁྲོམ་རའི་རིན་གོང་ཚོད་འཛིན་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཟོག་གོང་ཧམ་སྤོར་གྱི་ཁྲིམས་འགལ་བྱེད་སྤྱོད་གཏན་འཁེལ་ལ་ཆོག་མཆན་སྤྲད་པའི་བསམ་འཆར་གཞིར་བཟུང་ཁ་རས་དང་། དུག་སེལ་ཆུ། སྨན། ཚ་བ་ལྟ་ཆས་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཁོ་ཆས་ཀྱི་རིན་གོང་རང་དགར་སྤར་ནས་ཚོང་གཉེར་རིགས་དང་སྔོ་ཚལ་དང་། ཤ་རིགས། སྒོ་ང་སོགས་ཐོན་ཟོག་ཉོ་ཚོང་གི་ཟོག་གོང་ཧེ་བག་ཟླ་1ཚེས་26ཉིན་གྱི་གཞི་རྩའི་ཚད་གཞིའི་རིན་གོང་གི་35%དང་དེ་ཡན་གྱི་རིན་གོང་ཧམ་སྤོར་བྱས་རིགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་ནན་ལ་ལྕི་བ། མགྱོགས་པོ་བྱས་པ་དང་འབྲེལ་དཔེ་མཚོན་གྱོད་གཞི་དམར་རྗེན་དུ་འདོན་ཤུགས་ཆེ་རུ་བཏང་ནས་ཟིལ་གནོན་གྱི་རྣམ་པ་ཞིག་ཆགས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།