རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་བྱ་ཐབས་སྣ་ཚོགས་བཟུང་སྟེ་གློག་མཁོ་འདོན་ཡག་པོ་ཡོང་རྒྱུ་འགན་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར།  རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་བྱ་ཐབས་སྣ་ཚོགས་བཟུང་སྟེ།  ནད་ཡམས་སྔོན་འགོག་ཚོད་འཛིན་རིང་གི་གློག་འདོན་འགན་ལེན་ལས་དོན་དེ་དེང་སྐབས་ཁ་ཚ་དགོས་གཏུག་གི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་རྩིས་ནས།  གལ་འགངས་ཆེ་བའི་གློག་སྤྱོད་སར་ནུས་ཤུགས་ཡོད་རྒུས་གློག་མཁོ་འདོན་འགན་ལེན་བྱས་པ་དང་སྤྱི་ཚོགས་ཡོངས་ལ་གློག་མཁོ་འདོན་ཡག་པོ་བྱས་ཡོད། 

རང་སྐྱོང་ལྗོངས་སྨན་ཁང་ཨང་གསུམ་པ་དེ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་ཡིན་པའི་ངོས་ནས།  ལྷ་ས་གློག་འདོན་ཀུང་སིས་འཕྲལ་མར་ལས་དོན་མི་སྣ་བཀོད་སྒྲིག་བྱས་ནས་གློག་སྦྱོར་སྒྲིག་ཆས་འཁོར་རྒྱུག་བྱེད་ཚུལ་སོགས་ལ་སྐོར་ཞིབ་ཞིབ་ཚགས་བྱས་ཏེ།  ཆུ་ཚོད24ཡི་རིང་རྒྱུན་མཐུད་གློག་བེད་སྤྱོད་ཀྱི་དགོས་མཁོ་བསྐོང་ཐུབ་པ་བྱས་པ་དང་།  ལྷ་ས་གློག་འདོན་ཀུང་སིས་ད་དུང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་ཁོངས་གཏོགས་ཁུལ་གྱི་གལ་འགངས་ཆེ་བའི་གློག་མཁོ་ས་གཙོ་བོ་ཤེས་རྟོགས་དང་ཞིབ་བཤེར་བྱས་པ་དང་།  གློག་སྤྱོད་མཁན་རེར་ཇུས་གཞི་རེ་བཟོས་ནས་ས་ཁོངས་གལ་ཆེན་གྱི་གློག་མཁོ་འདོན་འགན་ལེན་བྱས་ཡོད།  ད་བར་ཀུང་སི་དེས་མི་ཐེངས1150དང་རླངས་འཁོར་ཐེངས510བཏང་ནས་སྐུད་ལམ79ལ་དམིགས་བསལ་སྐོར་གཡེང་བྱས་པ་དང་།  གོམ་སྟབས་རྗེས་མར་ད་དུང་ཁོངས་གཏོགས་ཁུལ་གྱི་ཆུ་བཟོ་གྲྭ་དང་འབར་རླངས་ཀུང་སི།  སྨན་བཅོས་ཡོ་བྱད་ཐོན་སྐྱེད་ཁེ་ལས་བཅས་ལ་གྲལ་བཤེར་བྱས་ནས་ཁོངས་གཏོགས་ཁུལ་ཡོངས་སུ་གློག་མཁོ་འདོན་འགན་ལེན་གང་ཐུབ་བྱ་རྒྱུ་རེད།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་བཀོད་གཏོང་ཚོད་འཛིན་ལྟེ་གནས་སུ་ལས་དོན་མི་སྣས་བརྙན་ཤེལ་གྱི་གྲངས་གཞིའི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་།  ཁོང་ནས་ང་ཚོས་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་གལ་འགངས་ཆེ་བའི་གློག་སྤྱོད་སར་གློག་བེད་སྤྱོད་ཀྱི་གནས་ཚུལ་ལ་གཙོ་གནད་ལྟ་ཞིབ་བྱེད་ཀྱི་ཡོད།  རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཏུའུ་ཅིན་ཧྲུའེ་ནས།  ཀུང་སིས་ལྗོངས་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་སྨན་བཅོས་ལས་ཁུངས།  འགྲིམ་འགྲུལ་ལྟེ་གནས་སོགས་གློག་སྤྱོད་མཁན་གཙོ་བོར་གློག་སྤྱོད་ཐུབ་མིན་གྱི་གནས་ཚུལ་ལ་གྲལ་བཤེར་བྱས་པ་མ་ཟད།  ཆུ་ཚོད24ཡི་རིང་བསྟུད་མར་གློག་མཁོ་འདོན་གྱི་ལྟ་ཞིབ་ཚད་ལེན་ཁོངས་སུ་བཅུག་ཡོད།  ནད་ཡམས་སྔོན་འགོག་ཚོད་འཛིན་བཀོད་འདོམས་ཚན་པ་དང་དམིགས་བཙུགས་སྐྱོབ་བཅོས་སྨན་ཁང་སོགས་གློག་བེད་སྤྱོད་བྱེད་མཁན་གཙོ་བོར་ཁག་སོ་སོར་ཇུས་གཞི་རེ་བཟོས་ནས།  ཆུ་ཚོད24ཡི་རིང་ས་ཚིགས་སུ་བཅའ་སྡོད་བྱས་ནས་གློག་འགན་ལེན་བྱེད་ཀྱི་ཡོད་ཅེས་གསུངས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།