བོད་ལྗོངས་སློབ་གསོའི་ཁོངས་གཏོགས་ཀྱིས་བོད་ལྗོངས་སུ་ཕྱིར་ལོག་པའི་སློབ་མར་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་ཡམས་ཐོན་པ་ནས་བཟུང་།  བོད་ལྗོངས་སློབ་གསོའི་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་མཐིལ་རྟོགས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཏེ།  བོད་དུ་ཕྱིར་ལོག་པའི་སློབ་མར་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཡོད། 

ལྷ་ས་གྲོང་ཁྱེར་སློབ་གསོ་ཅུད་ཀྱི་ལས་དོན་མི་སྣས་ཐེམ་ཁོངས་ལྷ་ས་ནས་ཡིན་པ་དང་ལྗོངས་ཕྱིར་སློབ་གྲྭ་སྒྲིམ་བཞིན་པའི་སློབ་མའི་ཉེ་དུས་ཀྱི་གཟུགས་པོའི་གནས་ཚུལ་དང་རིམས་འགོག་གནས་ཚུལ་སོགས་རེ་རེ་བཞིན་ཁ་པར་ཐོག་ནས་འདྲི་རྩད་དང་གྲལ་བཤེར་མཐིལ་རྟོགས་བྱེད་བཞིན་ཡོད།  ངོ་སྤྲོད་བྱས་པར་གཞིགས་ན།  བོད་དུ་ཕྱིར་ལོག་པའི་སློབ་མར་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་ཆེད།  ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གྲལ་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་སློབ་མ་བོད་དུ་ཕྱིར་ལོག་པའི་དུས་ཚོད་དང་སྡོད་གནས།  གཟུགས་པོ།  ཁྱིམ་སྡོད་ལོགས་བཀར་སོགས་ཀྱི་གནས་ཚུལ་ཉིན་ལྟར་གྲལ་བཤེར་དང་བསྡུ་རུབ།  གསར་བསྒྱུར་བཅས་བྱེད་བཞིན་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་སློབ་གསོ་ཅུད་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་གེང་རུང་ནས།  གོམ་སྟབས་རྗེས་མར་བོད་དུ་ཕྱིར་ལོག་པའི་སློབ་མའི་གཟུགས་པོ་དང་དེ་བཞིན་ཁྱིམ་སྡོད་ལོགས་བཀར་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་རྒྱུན་མཐུད་རྗེས་འདེད་བྱ་རྒྱུ་དང་ཆབས་ཅིག  རྫོང༼ཆུས༽ཁག་གི་སློབ་གསོའི་ཁོངས་གཏོགས་ཀྱིས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་རྒྱུར་མཛུབ་ཁྲིད་ཡག་པོ་བྱེད་རྒྱུ་ཡིན་ཞེས་གསུངས།

རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས།  འགོ་ཁྲིད་ཚོགས་ཆུང་ནས་ཉིན་རེའི་འཆར་ཅན་ཚོགས་འདུའི་ལམ་ལུགས་ལག་བསྟར་བྱས་པ་མ་ཟད་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་ཡང་བཙུགས་ཏེ།  ཉིན་རེའི་སྙན་ཞུ་དང་གནས་ཚུལ་གསར་པ་མེད་པའི་སྙན་ཞུའི་ལམ་ལུགས་ལག་བསྟར་བྱས་ནས་གྲོང་ཁྱེར༼ས་ཁུལ༽ཁག་དང་ལས་ཁུངས་ཁག  སློབ་གྲྭ་ཁག་བཅས་སུ་ཆེད་མི་བཀོད་སྒྲིག་བྱས་ཏེ་འགན་འཁུར་དུ་བཅུག་ནས།  ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ལ་གནས་ཚུལ་གསར་ཤོས་སྙན་ཞུ་ཕུལ་ནས་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་གཅོད་བྱེད་ཀྱི་ཡོད། 

ནད་ཡམས་ཐོན་པ་ནས་བཟུང་།  རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ལྗོངས་ཡོངས་ཀྱི་དགེ་སློབ་ཁྲི་ཚོ90ཙམ་ལ་གྲལ་བཤེར་བྱས་པ་མ་ཟད།  ཁ་པར་དང་དཔོད་ཕྲན།  དྲ་ཚིགས།  ཡོངས་བསྒྲགས་འཕྲིན་ཡིག་སོགས་ཀྱི་ཐབས་ལམ་བརྒྱུད་དགེ་རྒན་དང་སློབ་མ།  ཁྱིམ་བདག་བཅས་ཚང་མར་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་ཆབས་ཅིག  ནད་ཡམས་སྔོན་འགོག་ཚོད་འཛིན་ཡག་པོ་བྱ་ཆེད་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་དཔྱིད་དུས་སློབ་འགོ་ཚུགས་པའི་འཕྲལ་སྡོམ་སྔོན་ཇུས་ཡག་པོ་བཟོ་བ་དང་།  སློབ་འགོ་ཚུགས་པའི་སྔ་རྗེས་སུ་དགོས་མཁོ་ཆེ་བའི་དངོས་ཟོག་སྣ་ཚོགས་གྲབས་གསོག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་མཛུབ་ཁྲིད་བྱས་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།